གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༡༨/༤/༢༠༡༣    ཚོགས་རྒྱན་གྱི་ཉིན་མར་ ཚོགས་རྒྱན་སྐྱུར་མི་ཚུ་གི་འགན་འཁྲི།
༉  སྤྱི་ཟླ་༤ པའི་ཚེས་༢༣ ལུ་ འབྲུག་གིས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་གསརཔ་༢༠ བཙག་འཐུ་འབད་ནི་ཨིནམ་བཞིན་དུ་ ད་ལྟོ་ བཙག་འཐུའི་འགོ་དཔོན་དང་ ལྟ་རྟོག་པ་ ཉེན་སྲུང་དམག་མི་ཚུ་ རྒྱལ་ཁབ་ནང་འཁོད་ཀྱི་ ཚོགས་རྒྱན་བཙུགས་སའི་ས་ཁོངས་ཚུ་ནང་ འགྱོ་བའི་བསྒང་ཡོདཔ་ཨིན།



རེས་གཟའ་ལྷག་པ་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ རེས་གཟའ་ལྷག་པ་དེ་ ཚོགས་རྒྱན་གྱི་ཉིནམ་ཨིནམ་ལས་ མི་མང་གི་ ངལ་གསོ་སྦེ་ གསལ་བསྒྲགས་འབདཝ་བཞིན་དུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་དོན་ལུ་ ཐོ་བཀོད་འབད་ཡོད་མི་ ཚོགས་རྒྱན་སྐྱུར་མི་༣༨༠,༠༩༩ ཡོད་མི་ལས་ མང་ཤོས་ཅིག་གིས་ ཚོགས་རྒྱན་བཙུགས་པར་ འགྱོ་ནི་གི་ རེ་བ་བསྐྱེདཔ་ཨིན་མས།
འདས་པའི་ཉམས་མྱོང་ཚུ་དང་འཁྲིལ་བ་ཅིན་ ཚོགས་རྒྱན་སྐྱུར་མི་ཚུ་ ཚོགས་རྒྱན་ས་ཁོངས་ནང་ དུས་ཡུན་ཆུ་ཚོད་ལེ་ཤ་ཅིག་གི་རིང་ རྐང་སྟོང་སྦེ་ སོང་པའི་མཐའ་མར་ ཚོགས་རྒྱན་སྐྱུར་མིའི་ ངོས་འཛིན་འདྲ་པར་དང་ མི་ཁུངས་ངོ་སྤྲོད་ལག་ཁྱེར་འབག་འོང་ནི་ བརྗེད་མི་ལུ་བརྟེན་ རང་སོའི་ཐོབ་དབང་ལག་ལེན་འཐབ་མ་ཚུགས་པར་ ཁྱིམ་ནང་ལོག་འགྱོ་དགོཔ་ཐོན་ནུག།
ལ་ལུ་ཅིག་གིས་ ངོས་འཛིན་འདྲ་པར་འཛོལ་ཏེ་ འབག་འོང་མི་ལུ་བརྟེན་ ཚོགས་རྒྱན་བཙུགས་མ་ཚུགས་པས།
འདི་འབདཝ་ལས་ ཚོགས་རྒྱན་གྱི་ཉིན་མར་ རྫོང་ཁག་༢༠ ག་རའི་ནང་ ཁྱད་ཚད་ལྡན་མི་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ རང་སོའི་ཚོགས་རྒྱན་བཙུགས་སའི་ ས་ཁོངས་ཚུ་ནང་ མ་འགྱོ་བའི་ཧེ་མར་ ཚོགས་རྒྱན་སྐྱུར་མིའི་ ངོས་འཛིན་འདྲ་པར་དང་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ཚུ་ གྲ་སྒྲིག་འབད་དགོཔ་འདི་གལ་ཆེ།
འདི་བཟུམ་གསལ་སྟོན་འབད་མ་དགོཔ་མི་དེ་ ཚོགས་རྒྱན་ས་ཁོངས་ནང་ ངོས་འཛིན་འཕྲུལ་ཆས་གཞི་བཙུགས་འབད་དེ་ཡོད་པ་ཅིན་རྐྱངམ་གཅིག་ ཚོགས་རྒྱན་སྐྱུར་མི་གི་ ངོས་འཛིན་འདྲ་པར་དང་ ཡང་ཅིན་ ངོས་འཛིན་འབད་ནི་གི་ ཡིག་ཆ་གཞན་སྟོན་མ་དགོ་པར་ ལག་པའི་མཛུབ་མོ་ཨེབ་ཐོག་ལས་ འཕྲུལ་ཆས་ཀྱིས་ ངོས་འཛིན་འབད་ཚུགསཔ་ཨིན་མས།
དེ་འབདཝ་ད་ འདི་བཟུམ་མའི་ མཐུན་རྐྱེན་དེ་  བཙག་འཐུ་ལྷན་ཚོགས་ཀྱིས་ ངོས་འཛིན་འབད་དེ་ཡོད་པའི་ ས་ཁོངས་དག་པ་ཅིག་ནང་མ་གཏོགས་མེདཔ་ཨིན་མས།
དེ་ལས་ ཚོགས་རྒྱན་སྐྱུར་མི་གིས་ ཚོགས་རྒྱན་གྱི་ཉིན་མར་ ཉེས་ལས་གྲངས་སུ་ཚུད་པའི་ ལཱ་བྱ་འཐབ་ནི་ཚུ་ལས་ ག་དེ་དྲག་དྲག་ འཛེམ་ཐབས་འབད་དགོ་མི་དེ་ཡང་ འདེམས་ངོ་ཅིག་ལུ་ ཚོགས་རྒྱན་བཙུགས་བཅུག་ནི་དང་ ཡང་ཅིན་ བཙུགས་མི་བཅུག་ནིའི་དོན་ལུ་ དངུལ་སྤྲོད་ལེན་གྱིས་མ་ཚད་པར་ སྨྱོ་ཆང་དང་ ལྟོ་ཁ་བྱིན་ནི་ གསོལ་རས་བྱིན་ནི་ ཡང་ཅིན་ གཞན་དགའ་མཐུན་གྱི་ མཐུན་འགྱུར་བཟོ་ཐོག་ལས་ ཚོགས་རྒྱན་བཙུགས་བཅུག་ནི་དང་ རྒྱུད་བསྐུལ་འབད་ནི་ཚུ་ལས་ འཛེམ་དགོཔ་ཨིན་མས།
ཨིན་རུང་ གལ་ཆེ་ཤོས་ར་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ངོ་ཤེས་འདྲིས་ཤེས་དང་ འཆམ་མཐུན་ གཉེན་ཉེཝ་ ལྟ་ལྟོ་ཚང་ ཕོ་སྤུན་དང་ མོ་སྤུན་ལུ་ མ་ལྟ་བར་ རྒྱལ་ཁབ་དང་ མི་སེར་ལུ་ཕན་ཐོགས་པའི་ འདེམས་ངོ་ལུ་ ཚོགས་རྒྱན་བཙུགས་ཐོག་ལས་ མ་འོངས་བུ་བརྒྱུད་ཚུ་ལུ་ མིག་དཔེ་བཟང་པོ་སྟོན་དགོ་ཟེར་ ཞུ་ནི་ཨིན།

No comments:

Post a Comment