གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་རིགས་སོ་སོར་ཕྱེ་ནི་མེདཔ།

༡༨/༤/༢༠༡༣   ༉ སྤྱི་ཟླ་༤ པའི་ཚེས་༡༥ གི་ཕྱི་རུ་ རྩི་རང་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་༦ གི་དོན་ལུ་ རྩོད་བསྡུར་འགོ་འདྲེན་འཐབ་མིའི་ནང་ གནད་དོན་སྣ་ཚོགས་ཀྱི་སྐོར་ལས་ དྲི་བཀོད་ཐོག་ རྩོད་འགྲན་འབད་ཡི།
རྩི་རང་གི་ མི་མང་རྩོད་བསྡུར་ལས་རིམ་ འགོ་འདྲེན་འཐབ་པའི་བསྒང་།


དེ་ཡང་ དང་པ་ར་ སྒོ་སེར་གླིང་རྒེད་འོག་གི་འདེམས་ངོ་ པདྨ་དབང་ཕྱུག་གིས་ ལྷོ་མཚམས་ཀྱི་ རྫོང་ཁག་ཚུ་གི་གྲས་ལས་ རྩི་རང་རྫོང་ཁག་དེ་ མི་རིགས་ཕྱེ་ནིའི་ལམ་ལུགས་ཡོད་མི་ལུ་བརྟེན་ མི་སྡེའི་བར་ན་ མ་འཆམ་པར་སྡོད་དོ་ཡོདཔ་ལས་ འདེམས་ངོ་ཚུ་གིས་ བཙག་འཐུ་འགྲུབ་པ་ཅིན་ འཆམ་ཁ་བཟོ་ནིའི་དོན་ལུ་ ཐབས་ཤེས་ག་དེ་སྦེ་ བཏོན་ནི་སྨོ་ཟེར་དྲི་བའི་སྐབས་ འཐུས་མི་བགྲེསཔ་ ཇཱསི་ཊིན་གུ་རུང་གིས་ མི་རིགས་སོ་སོ་ནང་ལས་ཨིན་མི་ མི་༢ ཀྱི་ལགཔ་བཏོག་པ་ཅིན་ ཁྲག་དམརཔོ་ཅོག་འཐདཔ་སྦེ་ འཐོན་ནི་ཨིནམ་ལས་ རིགས་སོ་སོ་མེད་ཟེར་སླབ་ཅི།
དེ་ལས་ འདེམས་ངོ་ ནོ་བཱིན་དར་ལ་མི་གིས་ རྫོང་ཁག་ནང་ མི་རིགས་ཕྱེ་ནི་གི་སྲོལ་དེ་ ད་ལྟོའི་བར་ན་ཡང་ཡོད་རུང་ མི་ག་ར་ འདྲ་མཉམ་ཨིན་ཟེར་སླབ་ཅི།
དེ་གི་ཤུལ་ལས་ དཀྱིལ་འཁོར་ཐང་རྒེད་འོག་ནང་ལས་ རྡོ་རྗེ་མཁའ་འགྲོ་གིས་ འདེམས་ངོ་ཚུ་གིས་ གལ་སྲིད་ བཙག་འཐུ་འགྲུབ་པ་ཅིན་ ཚོགས་ཁང་ནང་ ཁྲིམས་བཟོ་བའི་སྐབས་ ཁྲིམས་ལུགས་གསརཔ་ ལེ་ཤ་བརྩི་ནི་མེན་པར་ སྔོན་གོང་ལས་ཡོད་པའི་ ཁྲིམས་ལུགས་ཚུ་ ལེགས་བཅོས་འབད་དགོཔ་འདུག་ཟེར་ཞུ་ཡི།
ད་རུང་  དཀྱིལ་འཁོར་ཐང་རྒེད་འོག་ནང་ལས་ སྐྱེས་ལོ་༥༠ ལྔ་གྲངས་ནང་འབད་མི་ ཚེ་དབང་གིས་ འཐུས་མི་བགྲེསཔ་ལུ་ ད་ཚུན་ ལོ་༥ འི་རིང་ལུ་ འཐུས་མི་སྦེ་སྡོད་པའི་སྐབས་ རྫོང་ཁག་ནང་ དཔའ་ཉམས་ཡོད་པའི་ལཱ་ ག་ཅི་འབད་ཡི་ཟེར་ དྲི་བཀོད་འབད་ཡི།
དེའི་ལན་ལུ་ ཇཱསི་ཊིན་གུ་རུང་གིས་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཚུ་ལུ་ ཚོགས་འདུའི་འཐུས་མི་བཟུམ་ འཆར་གཞི་གསར་བརྩམ་ནིའི་ དབང་ཚད་མེདཔ་ད་ ཚོགས་སྡེའི་འཐུས་མི་གི་ ལཱ་འགན་གཙོ་བོ་ར་ ཁྲིམས་བསྐྱར་ཞིབ་འབད་ནི་དེ་ཨིནམ་ལས་ དབང་ཚད་ཐེབས་དེ་ར་ བློན་པོ་ལས་འགོ་བཙུགས་ཏེ་ ལཱ་གི་གནས་སྟངས་ཀྱི་ གྲུབ་འབྲས་སྐོར་ལས་ དྲི་བཀོད་འབད་ནི་ཚུ་ཨིན་ཟེར་སླབ་ཅི།
མནྜལ་སྒང་ལས་ ཡེ་ཤེས་ཀྱིས་ འདེམས་ངོ་ཚུ་བཙག་འཐུ་འགྲུབ་པ་ཅིན་ ད་རེས་ ལྷོ་མཚམས་རྫོང་ཁག་ནང་ རང་ལུགས་ཀྱི་གྱོན་ཆས་ གོ་དང་དཀྱི་ར་གྱོན་མི་ ཉམས་འགྱོ་དོ་ཡོདཔ་ལས་ ཡར་དྲག་གཏང་ནིའི་དོན་ལུ་ ཐབས་ཤེས་ག་བཟུམ་བཏོན་ནིའི་འཆར་གཞི་ཡོད་ཟེར་ དྲི་བའི་སྐབས་ ཧ་ལམ་ དྲི་བ་ག་རའི་ལན་ སླབ་ནིའི་དཔའ་བཅམ་འབད་མི་ ཇཱསི་ཊིན་གུ་རུང་གིས་ དམངས་གཙོའི་ལམ་ལུགས་ནང་ དབང་ཚད་མི་སེར་གྱི་ལག་པར་ཨིནམ་ལས་ ཁོང་དང་འཁྲིལ་དགོ་ཟེར་སླབ་ཨིན་རུང་ འདེམས་ངོ་གཞན་ཚུ་གིས་ ག་ཅི་ཡང་ སླབ་ནི་མེདཔ་ཨིན་པས།
ངོ་སྤྲོད་ཀྱི་ ལས་རིམ་ནང་ འདེམས་ངོ་༢ ཀྱིས་ བཙག་འཐུ་འགྲུབ་པ་ཅིན་ ཚོགས་ཁང་ནང་ གྲོས་འདེབས་ཕུལ་ནིའི་དོན་ལུ་ བཅའ་ཡིག་གསརཔ་དག་པ་ཅིག་ བཟོ་སྟེ་ཡོད་པའི་སྐོར་ལས་ གསལ་བཤད་འབད་མིའི་ཐོག་ལུ་ མི་ཅིག་གིས་ མི་སེར་ལུ་ཕན་ཐོགས་པའི་ཁྲིམས་བཟོ་བའི་སྐབས་ མི་མང་གི་དཀའ་ངལ་དང་ བསམ་འཆར་བསྡུ་ལེན་འབད་དེ་ བཟོ་དགོཔ་ཁག་ཆེཝ་ལས་ མི་ངོ་རྐྱང་གིས་ བཟོ་མི་ཁྲིམས་དེ་གིས་ མི་སེར་ལུ་ ག་དེ་སྦེ་ཕན་ཐོགས་ག་ དོགས་པ་ཡོད་ཟེར་དྲི་བའི་སྐབས་ ལཱ་གཡོག་མེད་པའི་གནས་སྟངས་ཀྱི་བཅའ་ཡིག་དང་ གྲོང་གསེབ་གོང་འཕེལ་གྱི་བཅའ་ཡིག་ དེ་ལས་ རྒྱལ་ཡོངས་འཆར་གཞིའི་བཅའ་ཡིག་ཟེར་ བཅའ་ཡིག་༣ བརྩམས་ཡོད་མི་ཚུ་ འདས་པའི་ཟླཝ་༨ ཀྱི་ཧེ་མར་ ཁོ་ར་ ཚོགས་སྡེའི་འདེམས་ངོ་སྦེ་ ཐོན་པའི་སྐབས་ལས་ར་ ཞི་གཡོགཔ་དང་སྒེར་སྡེ་ ཆ་རོགས་ མི་སེར་སོ་ནམ་ཞིང་པ་ཚུ་དང་ གྲོས་བསྟུན་འབད་ཐོག་ལས་ བཟོ་ནི་དེ་གིས་ མི་སེར་ལུ་ ཕན་ཐོགས་འོང་ཟེར་ཨིན་པས།
དྲི་བ་གཅིག་ འདེམས་ངོ་མང་ཤོས་ཅིག་གིས་ གྲོང་གསེབ་ལས་ཁྲོམ་ཁར་ གནས་སྤོ་འགྱོ་མིའི་གྱངས་ཁ་ ཡར་སེང་འགྱོ་མིའི་སྐོར་ལས་ སླབ་མི་དེ་ ཐབས་ཤེས་ག་བཟུམ་བཏོན་ནིའི་ འཆར་གཞི་ཡོད་ཟེར་དྲི་བའི་སྐབས་ ཀཱ་མཱལ་གུ་རུང་གིས་ ཁོ་ར་གིས་ གྲོས་འདེབས་ཀྱི་དོན་ལུ་ རྒྱལ་ཡོངས་ལོ་ཐོག་སྲུང་སྐྱོབ་ཀྱི་ བཅའ་ཡིག་བརྩམས་ཡོད་མི་དེ་ནང་ ལོ་ཐོག་གི་ནད་འབུབ་དང་ རི་དྭགས་སེམས་ཅན་ དེ་ལས་ རང་བཞིན་རྐྱེན་ངན་ཚུ་དང་འབྲེལ་བའི་ གནད་དོན་ཚུ་ཚུད་ཡོདཔ་ལས་ དེ་གིས་ བཀག་ཐབས་འབད་ཚུགས་ཟེར་ཨིན་པས།
འདེམས་ངོ་པ་སངས་ཐིང་ཏ་མང་གིས་ ཁོ་ར་གི་ ཁས་བླངས་གསལ་བསྒྲགས་འབདཝ་བཞིན་དུ་ རྫོང་ཁག་ནང་གི་ མི་རྩིས་ཀྱི་དཀའ་ངལ་ ག་དེ་སྦེ་ བསལ་ཚུགས་ག་ཟེར་དྲིས་བའི་སྐབས་ ཁོ་གིས་ རྫོང་ཁག་ནང་ ཁྱིམ་གུང་མང་ཤོས་ཅིག་ནང་ མི་རྩིས་ཀྱི་དཀའ་ངལ་ཡོད་མི་ ནང་མི་རེ་གཉིས་ཡོདཔ་ལས་ བཙག་འཐུ་འགྲུབ་པ་ཅིན་ བསལ་ཐབས་འབད་ནི་ཨིན་ཟེར་ཨིན་པས།
འདེམས་ངོ་མང་ཤོས་ཅིག་གིས་ ཧ་ལམ་ཅིག་ གྲ་སྒྲིག་འབད་ཡོདཔ་བཞིན་དུ་ རྒྱལ་ཡོངས་ཁ་སྐད་ལེགས་ཤོམ་སྦེ་ སླབ་ཚུགས་དོ་ཡོད་རུང་ ལ་ལུ་ཅིག་ ལཱ་ཁག་རྐྱབ་ཨིན་པས།
རྩོད་བསྡུར་གྱི་ལས་རིམ་ནང་ འདེམས་ངོ་ཆ་མཉམ་གྱིས་ ངོ་སྤྲོད་ལས་འགོ་བཙུགས་ཏེ་ ཁས་བླངས་གསལ་བསྒྲགས་ཚུ་ འདས་པའི་སྤྱིར་བཏང་གྲོས་འཛོམས་ཚུ་ནང་ སླབ་མི་ལུ་ བསྒྱུར་བཅོས་མེདཔ་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment