གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འགྲུལ་སྐྱོད་འབད་མི་ཚུ་ལུ་ ཞིབ་དཔྱད་འབད་ཐངས་ཀྱི་ལས་རིམ་ འགོ་འདྲེན་འཐབ་དོ་ཡོདཔ།

༡༧/༤/༢༠༡༣   ༉ ཕྱི་མི་ནང་སྐྱོད་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ ད་ལས་ཕར་ འགྲུལ་སྐྱོད་འབད་སའི་ སྒོ་ར་སྒོ་དང་ ས་མཚམས་ཁར་ཡོད་པའི་ འཛུལ་སྒོ་ཚུ་ནང་ལས་ འགྲུལ་སྐྱོད་འབད་མི་ཚུ་ལུ་ དབྱེ་ཞིབ་མཐིལ་ཕྱིན་ འབད་ནི་གི་དོན་ལུ་ ཐབས་ལམ་གསརཔ་ཅིག་ བཏོན་ཚུགས་ནི་ཨིན་པས།

ཕྱི་མི་ནང་སྐྱོད་ལས་ཁུངས་ཀྱི་ འགོ་དཔོན་ཚུ་ སྦྱོང་བརྡར་འབད་བའི་བསྒང་།

དེ་ཡང་ སིང་ག་པུར་ལུ་ཡོད་པའི་ གསང་བའི་བྱ་ལྟ་མིའི་ ལས་སྡེ་ལས་ མཁས་མཆོག་གསུམ་གྱིས་ ཞིབ་དཔྱད་འབད་བའི་སྐབས་ ག་དེ་སྦེ་ར་ འབད་དགོཔ་ཨིན་ནའི་ སྐོར་ལས་ སྦྱོང་བརྡར་ཚུ་ བྱིན་དོ་ཡོདཔ་ཨིན་པས།
གཟུགས་ཀྱི་རྣམ་འགྱུར་ བདའ་ཟུན་ནིའི་ནང་ མཁས་མཆོག་ཡོད་མི་ ཨི་ཨེ་ལེང་གོ་བཱན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཞིབ་དཔྱད་འགོ་དཔོན་ཚུ་གིས་ འཛུལ་སྒོ་དང་ སྒོ་ར་ཁ་ཚུ་ནང་ལས་ ནང་སྐྱོད་འབད་མི་ འགྲུལ་སྐྱོདཔ་ཚུ་ལུ་ ནམ་ར་འབད་རུང་ ཐད་ཀར་གྱི་ དྲི་བཀོད་འབད་ནི་མི་འོང་ཟེར་ཨིན་པས།
དེ་ཡང་ ཁོ་གིས་འབད་བ་ཅིན་ ཐད་ཀར་དུ་ དྲི་བཀོད་འབད་བ་ཅིན་ འགྲུལ་སྐྱོད་འབད་མི་ཚུ་གིས་ ཕྲང་སྟེ་མ་སླབ་པར་ ཤུལ་ལས་ ག་དེམ་ཅིག་སྦེ་ དོགས་པ་ཡོད་དེ་ དྲི་དཔྱད་འབད་རུང་ དོན་དག་གཙོ་བོ་དེ་ ཐོབ་ཚུགས་ནི་ལུ་ ལཱ་ཁག་རྐྱབ་འོང་ཟེར་ཨིན་པས།
ཁོ་གིས་ ལོ་ངོ་༣༠ འི་རིང་ གནས་སྟངས་ནང་ འབྲེལ་བ་འཐབ་ནིའི་ ཞིབ་འཚོལ་དང་ སྦྱང་བ་ཚུ་འབད་ཡོདཔ་ད་ ཁོ་གིས་ ཞིབ་དཔྱད་འབད་བའི་སྐབས་ འགོ་དཔོན་ཚུ་གིས་ འགྲུལ་སྐྱོད་འབད་མིའི་ བློ་དེ་ལུ་རྐྱངམ་གཅིག་ ཉན་སྡོད་ནི་མེན་པར་ གཟུགས་ཀྱི་རྣམ་འགྱུར་ཚུ་ལུ་ཡང་ ལྟ་དགོཔ་ཁག་ཆེ་ཟེར་ཨིན་པས།
ཡིག་ཆ་བརྫུན་མ་བཟོ་འབག་མི་དང་ དོགས་པ་ཡོད་པའི་ མི་ཚུ་ལུ་ དྲི་དཔྱད་འབད་བའི་སྐབས་ ཁོང་གིས་ སླབ་མི་དང་ གཟུགས་ཀྱི་རྣམ་འགྱུར་གཉིས་ལུ་ ཁྱད་པར་ཞུགས་དོ་ཡོདཔ་ལས་ ན་འཐན་སྦེ་ལྟ་དགོ་ཟེར་ཨིན་པས།
དཔེ་འབད་བ་ཅིན་ འགྲུལ་སྐྱོད་འབད་མི་ཅིག་གིས་ འབྲུག་ལུ་ཞག་དག་པ་ཅིག་གི་རིང་ སྡོད་ནིའི་དོན་ལུ་ ཆོག་ཐམ་བཟོ་སྟེ་འོངམ་ད་ ས་མཚམས་ཀྱི་འཛུལ་སྒོ་དང་ སྒོ་ར་སྒོ་ཚུ་ནང་ ཞིབ་དཔྱད་འབད་བའི་སྐབས་ ཁོ་གི་ཕད་ཅུང་ནང་ གོ་ལ་ལེ་ཤ་ འབག་འོང་སྟེ་ཡོད་པ་ཅིན་ ཞག་དག་པ་ཅིག་གི་དོན་ལུ་ གོ་ལ་དེ་ཅིག་དགོཔ་མེདཔ་ལས་ ཁོ་ལུ་ སྐྱོན་ཅིག་ཡོད་པའི་ དྲན་ཤེས་སྐྱེད་དགོ་ཟེར་ཨིན་པས།
དེ་བཟུམ་མའི་ གནས་སྟངས་ནང་ལྷོདཔ་ད་ འགོ་དཔོན་ཚུ་གིས་ ཞིབ་དཔྱད་འབད་ནི་ འགོ་བཙུགས་དགོ་ཟེར་ཨིནམ་ད་ མི་དེ་གི་ གཟུགས་ཀྱི་རྣམ་འགྱུར་དེ་ཡང་ ལྟ་དགོ་ཟེར་ཨིན་པས།
ཨི་ཨེ་ལེང་གོ་བཱན་གྱིས་  གཟུགས་ཀྱི་རྣམ་འགྱུར་ཚུ་ ཧ་གོ་ནི་གི་དོན་ལུ་ གློག་བརྙན་གསརཔ་ ཧེ་མ་ མ་བལྟ་མི་ཅིག་ སྐད་མེདཔ་བཟོ་སྟེ་ དེ་ནང་ཡོད་མི་ གློག་བརྙན་རྩེད་མི་ཚུ་གི་ གཟུགས་ཀྱི་རྣམ་འགྱུར་ཚུ་ལུ་བལྟ་སྟེ་ ག་ཅི་སླབ་ཨིན་ན་ ཧ་གོ་ནི་གི་ སྦྱང་བ་འབད་དགོ་ཟེར་ཨིནམ་ད་ ལེགས་ཤོམ་སྦེ་ ཧ་གོ་ཚུགས་ཐབས་ལུ་ གློག་བརྙན་དེ་ ལོག་སྟེ་སྐད་ཡོདཔ་སྦེ་ བལྟ་བ་ཅིན་ རྣམ་འགྱུར་ཚུ་གི་སྐོར་ལས་ ཤེས་རྟོགས་ཐེབས་ཅིག་ར་འབྱུང་ཚུགས་ཟེར་ཨིན་པས།
འགྲུལ་སྐྱོད་ཆོག་ཐམ་ རྫུས་མ་བཟོ་མི་ཚུ་ ག་དེ་སྦེ་ བདའ་ཟུན་ཚུགས་གའི་སྐོར་ལས་ ཊེ་རི་ཡོང་དང་ བེང་བོག་ཁིམ་གཉིས་ཀྱིས་ གསལ་བཤད་འབད་ཡི།
ད་རིས་ བཅའ་མར་གཏོགས་མི་ཚུ་གིས་ རྫུས་མ་བཟོ་མི་ཚུ་ ག་དེ་སྦེ་ བདའ་ཟུན་ཚུགས་གའི་སྐོར་ལས་ ལུས་སྦྱོང་འབད་ནི་ཨིནམ་ད་ ལས་རིམ་ནང་ ཕྱི་མི་ནང་སྐྱོད་ལས་ཁུངས་ཀྱི་ རྫོང་ཁག་གི་ ཞིབ་དཔྱད་སྒོ་ར་ཚུ་ནང་ཡོད་མི་ ཞིབ་དཔྱད་འབད་མི་ འགོ་དཔོན་དང་ ལས་རོགསཔ་༢༥ དེ་ཅིག་ འོང་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ ཞིབ་དཔྱད་སྒོ་ར་ནང་ལཱ་འབད་མི་ སངས་རྒྱས་བསྟན་འཛིན་གྱིས་ དེ་བཟུམ་མའི་དཀའ་ངལ་ཚུ་ འཕྲལ་འཕྲལ་སྦེ་ར་ ཐོན་དོ་ཡོད་རུང་ ཁོ་གིས་ སྦྱོང་བརྡར་ནང་ལྷབ་མི་ ཐབས་ཤེས་ཚུ་ ལག་ལེན་འཐབ་ནི་གི་ ཤེས་རྟོགས་མེད་རུང་ མི་ཚུ་གིས་ དྲི་དཔྱད་མཐིལ་ཕྱིན་འབདཝ་ད་ ཁ་བཟེད་ནི་འདུག་ཟེར་ཨིན་པས།
ཞིབ་དཔྱད་འགོ་དཔོན་ཅིག་གིས་འབད་བ་ཅིན་ སྦྱོང་བརྡར་དེ་ནང་ ཕར་ལོག་མ་གིས་ ག་ཅི་འབདཝ་ཨིན་ན་ ཤེས་ཐབས་ཡོདཔ་ལས་ ཁོང་གི་དོན་ལུ་ ལྷན་ཐབས་སྦོམ་འདུག་ཟེར་ཨིན་པས།
སྤྱི་༤ པའི་ཚེས་༡༤ ལས་ འགོ་འདྲེན་འཐབ་མི་ ལས་རིམ་དེ་ ད་རིས་ མཇུག་བསྡུ་ནི་ ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment