གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཧཱ་གི་ ཉ་གསོ་སྐྱོང་ཁང་ནང་ ཉའི་སོན་ཧེང་བཀལ་བླུགས་ཡོདཔ།

༡༧/༤/༢༠༡༣   ༉ འཕྲལ་ཁམས་ཅིག་ཁར་ རྒྱ་གར་གྱི་ས་གནས་ ཧི་མ་ཅཱལ་པར་དེཤི་དང་ ཨིསི་ཀོཆི་ལེནཌི་ རྒྱལ་ཁབ་ཚུ་ལས་ ཉ་ཊའུཊི་གི་རིགས་༢ ཀྱི་ སྒོང་རྡོག་ཚུ་ མཁོ་སྒྲུབ་འབད་དེ་ ཧཱ་གི་ ཉ་གསོ་སྐྱོང་ཁང་གི་ ཆུ་རྫིང་ཚུ་ནང་ བླུགས་ཡོདཔ་ཨིན་པས།
བ་རའུན་ཊའུཊི།


དེ་ཡང་ ཨིསི་ཀོཆི་ལེནཌི་ལས་ བ་རའུན་ཊའུཊི་གི་ སྒོང་རྡོག་༥༠,༠༠༠ ནང་འདྲེན་འབདཝ་ད་ སྒོང་རྡོག་རེ་ལུ་ སེནཊི་༥ རེ་སྤྲོད་ཡོདཔ་མ་ཚད་ ཧི་མ་ཅཱལ་པར་དེཤི་ལས་ བ་རའུན་ཊུའཊི་གི་ སྒོང་རྡོག་རེ་ལུ་ རུ་པི་༥ རེ་སྤྲོད་དེ་ སྒོང་རྡོག་༣༠,༠༠༠ ནང་འདྲེན་འབད་ཡོདཔ་ཨིན་པས།
སྐྱེལ་འདྲེན་གྱི་སྐབས་ སྒོང་རྡོག་ཕུད་རྡོག་གཅིག་ལུ་ཡང་ གནོད་པ་མ་བྱུང་པར་ རྒྱལ་ཁབ་ནང་ ལེགས་ཤོམ་སྦེ་ ལྷོད་ཚུགས་ཡོདཔ་ཨིན་པས།
རེན་བོ་ཊའུཊི།


ཉ་ཚུ་ སྦོམ་འགྱོ་བའི་བསྒང་ལས་ རྒྱལ་ཁབ་ཀྱི་ སོ་ནམ་པ་ཚུ་གི་རྒྱུད་ལུ་ ཉ་གསོ་སྐྱོང་འབད་ཐངས་ཚུ་ ཡར་དྲག་གཏང་ཚུགས་པའི་ རེ་བ་ཡོདཔ་མ་ཚད་ ཉ་ཚུ་ སྦོམ་འགྱོ་བའི་བསྒང་ལས་ རྒྱལ་ཁབ་ཀྱི་ རང་བཞིན་གྱི་ ཆུ་ཚུ་ནང་ཡང་ ཁྱབ་སྤེལ་འབད་ནི་ཨིན་རུང་ མི་གིས་ བཟུང་བཟའ་འབག་པའི་ ཉེན་ཁ་ཡོདཔ་ཨིན་པས།
སྒོ་ནོར་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་རེས་ ཐིམ་ཕུ་དང་ སྤ་རོ་ལུ་མཐོང་ནི་ཡོད་པའི་ བ་རའུནི་ཊའུཊི་ཚུ་ ལེགས་ཤོམ་སྦེ་ ཕོཝ་རྒྱགས་མ་ཚུགས་པར་ཡོདཔ་ད་ དེ་ཡང་ མི་ཚུ་གིས་ ཉ་ཚད་ལས་བརྒལ་བཟུང་མི་ལུ་བརྟེན་ ཨིན་པའི་དོགས་པ་ཡོདཔ་སྦེ་ སླབ་ཨིན་པས།
སྒོ་ནོར་འགོ་དཔོན་ཚུ་གིས་འབད་བ་ཅིན་ བ་རའུན་ཊའུཊི་ཚུ་ སྦོམ་འགྱོ་བའི་བསྒང་ལས་ སྤ་ཆུ་དང་ ཝང་ཆུ་དང་འདྲ་བའི་ ཆུ་གཞན་ཚུ་ནང་གཏང་ནི་དང་ རེན་བོ་ཊའུཊི་ཚུ་འབད་བ་ཅིན་ ཆུ་རྫིང་ནང་སྦེ་ གསོ་སྐྱོང་འཐབ་དགོ་པའི་ ཉའི་རིགས་ཅིག་འབད་ནི་དེ་གིས་ ཉ་གསོ་སྐྱོང་འཐབ་ནི་ལུ་ སྤྲོ་བ་བསྐྱེད་མི་ སོ་ནམ་ཞིང་པ་ཚུ་ལུ་རྐྱངམ་གཅིག་ བྱིན་ནི་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ བ་རའུན་ཊའུཊི་ཚུ་ འོས་འབབ་དང་འཁྲིལ་ ད་རེས་ཉ་མེད་པའི་ མཚོ་ཚུ་ནང་ཡང་ བླུགས་ནི་ཨིན་རུང་ དེ་གི་ཧེ་མར་ འོས་འབབ་བརྟག་དཔྱད་ཚུ་ འགོ་འདྲེན་འཐབ་ནི་ཨིན་ཟེར་ སྒོ་ནོར་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ཉའི་རིགས་༢ ཆ་ར་ ད་རེས་ཉམས་འགྱོ་ནིའི་ གནས་སྟངས་ནང་ལྷོད་པའི་ རིགས་ཅིག་ཨིནམ་ད་ བ་རའུན་ཊའུཊི་ཚུ་ སྤྱི་ལོ་༡༩༨༠ གྱ་གྲངས་ནང་ རྒྱ་གར་ལུ་ཐོན་སྟེ་ འགྲོས་ཀྱིས་སྦེ་ འབྲུག་པའི་ཆུ་ཚུ་ནང་ ལྷོད་ཡོདཔ་ཨིན་པས།
དེ་ལས་ རེན་བོ་ཊའུཊི་གི་རིགས་ཚུ་ འགོ་དང་པ་ སྤྱི་ལོ་༢༠༠༧ ལུ་ རྒྱ་གར་རྒྱལ་ཁབ་ནང་ལས་ ཉོ་འདྲེན་འབད་དེ་ འབྲུག་ལུ་འབག་འོང་ཡོདཔ་བཞིན་དུ་ ད་རེས་ འབྲུག་པའི་སོ་ནམ་པ་ཚུ་གི་དོན་ལུ་ འོང་འབབ་བཟོ་ཐབས་ གཙོ་ཅན་ཅིག་སྦེ་ ཡོདཔ་ཨིན་པས།
སྒོ་ནོར་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ མི་སེར་ཚུ་གིས་ ཉ་གསོ་སྐྱོང་འཐབ་ནི་ལུ་ སྤྲོ་བ་སྦོམ་བསྐྱེད་མི་དང་འཁྲིལ་ ད་རེས་ཁམས་ རྒྱལ་ཁབ་ནང་ རེན་བོ་ཊའུཊི་ཚུ་ གསོ་སྐྱོང་འབད་ཐངས་ཀྱི་ ཐབས་ལམ་གསརཔ་ཚུ་ བཏོན་ཡི་ཟེར་ཨིན་པས།
ཕྱི་རྒྱལ་ལས་ ཉ་ཚུ་ ནང་འདྲེན་འབད་མ་དགོཔ་བཟོ་ནིའི་དོན་ལུ་ ད་རེས་ ཉོ་འདྲེན་འབད་མི་ ཉའི་སྒོང་རྡོག་ཚུ་ སོན་སྦེ་ བཀྲམ་སྤེལ་འབད་ནི་ཨིན་ཟེར་ འགོ་དཔོན་ཚུ་གིས་ སླབ་ཡོདཔ་ཨིན།
ད་རེས་ཉོ་འདྲེན་འབད་མི་ སྒོང་རྡོག་ཚུ་གིས་མ་རྩིས་བར་ བ་རའུན་ཊའུཊི་དང་ རེན་བོ་ཊའུཊི་ དེ་ལས་ ཨིསི་སྣོ་ཊའུཊི་གི་རིགས་ཚུ་ ཧཱ་གི་ཉ་གསོ་སྐྱོང་ཁང་ནང་ ཧེ་མ་ལས་ཡོདཔ་ད་ དེ་ཡང་ རེན་བོ་ཊའུཊི་༣༠༠ ལྷགཔ་ཅིག་དང་ བ་རའུན་ཊའུཊི་༢༠༠ དེ་ལས་ ཨིསི་ནོ་ཊའུཊི་༣༠ ཡོདཔ་ཨིན་པས།
ཉ་ཚུ་གི་དོན་ལུ་ ལྟོ་ཚུ་ རྒྱ་གར་རྒྱལ་ཁབ་ནང་ལས་ ནང་འདྲེན་འབད་མི་དེ་ ཟད་འགྲོ་ལྕི་དྲགས་སྦེ་ གནས་དོ་ཡོདཔ་བཞིན་དུ་ ད་ལས་ཕར་ ལྟོ་ཚུ་ རྒྱལ་ཁབ་ནང་འཁོད་ལས་ར་ ཐོན་སྐྱེད་འབད་ནིའི་ འཆར་གཞི་བཟོ་དོ་ཟེར་ སྒོ་ནོར་འགོ་དཔོན་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment