གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་བུམོ་ཅུང་ཅིག་ དམར་བསད་འབད་ཡོདཔ།

༡༣/༠༤/༢༠༡༣  ༉ ཁ་ཙ་ གསར་སྤང་རྫོང་ཁག་ བསམ་གཏན་གླིང་རྒེད་འོག་ནང་ སྐྱེས་ལོ་༡༣ ལང་མི་ སློབ་རིམ་༥ པའི་ བུམོ་ཅུང་ཅིག་ དམར་བསད་འབད་ཡོདཔ་ཨིན་པས།
བུམོ་ཅུང་དེ་ འཇིགས་མེད་གླིང་མི་སྡེ་སློབ་གྲྭའི་ སློབ་ཕྲུག་ཨིནམ་ད་ དེ་ཡང་ ཁ་ཙ་དྲོ་པ་ སློབ་གྲྭ་ནང་འགྱོ་བའི་ལམ་ཁར་ མོ་རའི་གཡུས་ རྡོ་ལུང་སྒང་དང་ གསར་སྤང་དང་དགེ་ལེགས་ཕུག་གཞུང་ལམ་གྱི་བར་ན་ ཚལ་མ་སྦོམ་ཅིག་ཡོད་མིའི་ནང་ དམར་བསད་འབད་ཡོདཔ་མཐོང་ནུག།



བུམོ་ཅུང་དེ་ སློབ་གྲྭ་ནང་འགྱོ་བའི་སྐབས་ ཨ་རྟག་འབད་བ་ཅིན་ ཆ་རོགས་ཚུ་དང་གཅིག་ཁར་དང་ ཡང་ཅིན་ ཕམ་ཚུ་གིས་ སྐྱེལ་དོ་ཡོདཔ་ཨིན་རུང་ དེ་ཚེ་ དུས་ཚོད་ཕྱིས་སོ་མི་ལུ་བརྟེན་ ཁྱིམ་ནང་ལས་ མོ་ར་རྐྱངམ་གཅིག་སྦེ་ དྲོ་པའི་ཆུ་ཚོད་ཕྱེད་དང་༨ དེ་ཅིག་ཁར་ ཐོན་སོང་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ ཉམས་རྒུད་པའི་ཨའི་དང་ གཡུས་མི་སྡེ་ཚན་ཅིག་ བསམ་གཏན་གླིང་རྒེད་འོག་ལྟེ་བ་ཚུན་ སྤྱིར་བཏང་གྲོས་འཛོམས་ལས་རིམ་ནང་ འགྱོ་བའི་སྐབས་ རྐྱེན་ངན་བྱུང་བའི་སྐོར་ལས་ ཤེས་རྟོགས་བྱུངམ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ནུག།
དེ་ཡང་ ལམ་ཁར་ ཉམས་རྒུད་པའི་ཅ་པཱལ་ ཡ་གཅིག་མཐོང་བའི་ཤུལ་ལས་ སྨྱུག་གུ་དང་ ལྟོ་ལྷོད་བཙུགས་སའི་ ལག་བེག་ཚུ་ ཐོབ་ཡོདཔ་ད་ ཕུངམ་དེ་ ལམ་གྱི་ལྟག་ལས་ མི་ཊར་༢༠ དེ་ཅིག་ཁར་ མཐོང་ཡོདཔ་ཨིན་པས།
ཚེ་འདས་ཀྱི་ གཟུགས་ཁ་ལས་ གོ་ལ་ཚུ་ཡང་ བཤུབས་བཏང་ཡོདཔ་བཞིན་དུ་ མགུ་ཏོ་གུ་ རྡོ་སྦོམ་ཅིག་གིས་ བླུགས་ཡོདཔ་ད་ ཕུངམ་དེ་ རྡོ་སྦོམ་༢ ཀྱི་སྦུག་ལུ་ བཙུགས་བཞག་ཡོདཔ་མཐོང་ནུག།
ཚེ་འདས་བུམོ་ཅུང་གི་ ཨ་པ་དེ་ དམག་མི་ཨིནམ་ད་ ཨའི་དེ་ རྡོ་ལུང་སྒང་གཡུས་ཚན་ནང་ གཞིས་གསར་སྡོད་མི་ཅིག་ཨིན་པས།
གཡུས་ཚན་དང་ སློབ་གྲྭའི་བར་ན་ ཀི་ལོ་མི་ཊར་༣ དེ་ཅིག་ ཡོདཔ་ཨིན་པས།
གསར་སྤང་ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ བུམོ་དེ་གི་དཔྱལཝ་གུ་ རྡོ་དང་ ལྕགས་བཟུམ་ཅིག་གིས་ བླུགས་ཡོད་པའི་ རྨ་ཁ་༨ དེ་ཅིག་ བཏོན་ནུག་ཟེར་ཨིན་པས།
གསོ་བའི་ཞིབ་དཔྱད་དང་འཁྲིལཝ་ད་ དབང་བཙོང་ལུས་འབྲེལ་འབད་བའི་ རྟགས་མཚན་ཚུ་མེད་རུང་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས།
ཨིན་རུང་ ཁྲིམས་སྲུང་འགག་པ་གིས་ བྱ་ངན་ནང་ འབྲེལ་གཏོགས་འབད་བའི་ དོགས་པ་ཡོད་མི་ རྒྱ་གར་གྱི་ལས་མི་ཅིག་ འཛིན་བཟུང་འབད་ཡོདཔ་ཨིན་པའི་གནས་ཚུལ།

                                                                 དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment