གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ལུ་ སིངྒ་པོར་གྱི་གཞུང་ཚབ་ཀྱིས་ ཁ་བྲལ་ལེགས་སྨོན།

བློན་ཆེན་མཆོག་དང་ སིངྒ་པོར་གྱི་གཞུང་ཚབ་ ཀ་རེན་ཏཱན།
༡༣/༠༤/༢༠༡༣  ༉ ཁ་ཙ་ ཐིམ་ཕུ་རྒྱལ་ཡོངས་ཚོགས་ཁང་ནང་སྦེ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ རྒྱ་གར་ལུ་ སིངྒ་པོར་གྱི་གཞུང་ཚབ་དང་འབྲེལ་ འབྲུག་ལུ་ཡང་ སིངྒ་པོར་གྱི་ གཞུང་ཚབ་ངོས་འཛིན་འབད་མི་ ཀ་རེན་ ཏཱན་དང་གཅིག་ཁར་ མཇལ་ཕྲད་གནང་ཡི།


ལོ་༢ ཀྱི་ཧེ་མར་ འབྲུག་ལུ་ སིངྒ་པོར་གྱི་གཞུང་ཚབ་སྦེ་ ཡིག་ཚང་རྩིས་ལེན་མི་ ཀ་རེན་ ཏཱན་གྱིས་ འབྲུག་གཞུང་ལུ་ ཁ་བྲལ་ལེགས་སྨོན་ཞུ་ནི་དང་ ནིའུ་ལྡི་ལི་ལུ་ མཐར་འཁྱོལ་ཅན་གྱི་གནས་ཡུན་ མཇུག་བསྡུ་ཚུགས་པའི་ བཀའ་དྲིན་དགའ་ཚོར་ ཞུ་ནིའི་དོན་ལས་ བདུན་ཕྲག་འདི་གི་ རེས་གཟའ་ཕུར་བུ་ལུ་ རྒྱལ་ས་ལུ་ ལྷོད་ཡོདཔ་ཨིན་པས།
གཞུང་ཚབ་ཏཱན་གྱིས་ བློན་ཆེན་མཆོག་ལུ་ ཞུ་མིའི་ནང་ དུས་ཚོད་ཐུང་ཀུ་ཅིག་ནང་ འབྲུག་དང་ སིངྒ་པོར་གྱིས་ ཟུང་ཕྱོགས་གོང་འཕེལ་ལས་སྣ་ ལེ་ཤ་གྲུབ་ཅི་ཟེར་ཨིནམ་ད་ དེ་ཡང་ དམིགས་བསལ་དུ་ སྤ་རོ་ལས་ སིངྒ་པོར་ལུ་ གནམ་གྲུའི་ཞབས་ཏོག་ ཐད་ཀར་དུ་ གཞི་བཙུགས་འབད་མི་དེ་ ཨིན་ཟེར་ཨིན་པས།
དེ་མ་ཚད་ མོ་གིས་ འབྲུག་མཁའ་འགྲུལ་ལས་འཛིན་གྱི་ བཀོད་ཁྱབ་འགོ་དཔོན་གཙོ་འཛིན་དང་གཅིག་ཁར་འཕྱད་དེ་ སིངྒ་པོར་དང་ ཁྱིམ་ཚང་རྒྱལ་ཁབ་ཚུ་ལས་ འབྲུག་ལུ་འོང་མི་ འགྲུལ་པ་དང་ ལྟ་བཤལ་པའི་གྱངས་ཁ་ ཡར་སེང་རྐྱབ་ནི་གི་ ཐབས་ལམ་ཚུ་གི་སྐོར་ལས་ ལཱ་འབད་ནི་ཨིན་ཟེར་ཨིན་པས།
གཞུང་ཚབ་ཏཱན་གྱིས་འབད་བ་ཅིན་ དམིགས་བསལ་དུ་ ལཱ་གཡོག་དང་ དོན་གཅོད་ཀྱི་ སྦྱོང་བརྡར་ས་ཁོངས་ཚུ་ནང་ འབྲུག་མི་ཚུ་ལུ་ སློབ་གཉེར་གྲོགས་རམ་བྱིན་ནིའི་དོན་ལུ་ ལཱ་ཚུ་འབད་བའི་བསྒང་ཡོད་ཟེར་ སླབ་ཨིན་པས།
གཞུང་ཚབ་ཏཱན་དང་ སིངྒ་པོར་གཞུང་གིས་ རྒྱལ་ཁབ་༢ ཀྱི་བར་ན་ ཡུན་རིང་གི་མཐུན་ལམ་ བཞག་ཚུགས་མི་དེ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ བཤད་ཡོདཔ་མ་ཚད་ སིངྒ་པོར་དེ་ རྒྱལ་ཁབ་ཆུང་ཀུ་ཅིག་འབད་རུང་ འབྲུག་གི་དོན་ལུ་ སེམས་ཤུགས་བསྐྱེད་བཅུག་པའི་ ཡུལ་ཅིག་ཨིནམ་མ་ཚད་ ད་ཚུན་གྱི་རིང་ སིངྒ་པོར་ལས་ ལེ་ཤ་ཅིག་ར་ ལྷབ་སྦྱང་འབད་ཡི་ཟེར་ཨིན་པས།
ཀ་རེན་ ཏཱན་གྱིས་ མོ་རའི་ ཤུལ་མ་གི་བསྐོ་བཞག་དེ་ ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ནང་ སིངྒ་པོར་གྱི་ གཏན་འཇགས་སྐུ་ཚབ་ཨིན་མི་ལུ་ བློན་ཆེན་མཆོག་གིས་ བཀྲིས་བདེ་ལེགས་གསུངས་གནང་ཡི།
ཀ་རེན་ ཏཱན་གྱིས་ ནིའུ་ལྡི་ལི་ལུ་ གཞུང་ཚབ་ཀྱི་ གོ་གནས་མ་ལེན་པའི་ཧེ་མར་ ཇི་ནི་བ་ལུ་ འཛམ་གླིང་ཚོང་འབྲེལ་ལས་འགུལ་དང་ འཛམ་གླིང་རིག་རྩལ་རྒྱུ་དངོས་ལས་སྡེ་ནང་ གཏན་འཇགས་སྐུ་ཚབ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
ཀ་རེན་ ཏཱན་དང་གཅིག་ཁར་ དྲུང་ཆེན་དང་པ་ ལུ་སིན་ཧོང་ཡང་ འོང་ཡོདཔ་བཞིན་དུ་ ད་རིས་དྲོ་པ་ ནིའུ་ལྡི་ལི་ལུ་ ལོག་འགྱོ་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment