གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདེམས་ངོ་ཚུ་ལུ་ མི་སེར་གྱིས་ རྒྱབ་སྐྱོར་འདྲ་མཉམ་ཡོད་པའི་ཚོར་སྣང་།

གཡོན་ཁ་ཐུག་ལས་ ཨོ་རྒྱན་ཚེ་རིང་ ཚེ་དབང་ནོར་བུ་ བསོད་ནམས་ཚེ་རིང་ ཀུན་ལེགས་རྡོ་རྗེ་ ཀ་ཀ་ཚེ་རིང་།
༉ སྤ་རོ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཚུ་གིས་ ད་རེས་ཁམས་ལུ་མཇུག་བསྡུ་མི་ རྩོད་བསྡུར་དང་ སྤྱིར་བཏང་གྲོས་འཛོམས་ཀྱི་ བསྐུལ་བསྒྲགས་ལས་རིམ་ཚུ་གི་སྐབས་ ཁོང་རའི་ཁས་བླངས་གསལ་བསྒྲགས་ཚུ་འབད་ཡོད་རུང་ ག་གིས་ རྒྱལ་ཁ་འཐོབ་འོང་ག་ ད་ལྟོ་བརྡ་མཚོན་མེདཔ་ཨིན་པས།


དེ་ཡང་ རྫོང་ཁག་ནང་ རྒེད་འོག་༡༠ ཡོད་པའི་གྲས་ལས་ རྒེད་འོག་༥ ནང་མ་གཏོགས་ རྒེད་འོག་གཞན་ཚུ་ནང་ འདེམས་ངོ་མེདཔ་ལས་ གཞན་མི་རྒེད་འོག་དང་ ཁྲོམ་གྱི་མི་སེར་ཚུ་གིས་ ཚོགས་རྒྱན་ཚུ་ བགོ་བཀྲམ་འབད་འགྱོ་ནི་ ཨིན་མི་ལུ་བརྟེན་ཏེ་ཨིན་པས།
རྒེད་འོག་ནང་ ཚོགས་རྒྱན་བཙུགས་ནི་ལུ་ འོས་འབབ་ཡོད་མིའི་ གྱངས་ཁ་དང་འཁྲིལ་བ་ཅིན་ རྒེད་འོག་ནང་ ཚོགས་རྒྱན་བཙུགས་མི་ མཐོ་ཤོས་ཡོད་མི་དེ་ལུ་ ཁེ་ཕན་འབྱུང་ནིའི་ དོགས་འཆར་ཡོདཔ་ཨིན་པས།
རྫོང་ཁག་བཙག་འཐུའི་འགོ་དཔོན་ནང་ཡོད་པའི་ གནས་ཐོ་དང་འཁྲིལཝ་ད་ ད་ལྟོ་ འདེམས་ངོ་ཡོད་པའི་ རྒེད་འོག་ཚུ་གི་གྲས་ལས་ ཚོགས་རྒྱན་བཙུགས་མི་ མཐོ་ཤོས་དེ་ ཀུན་ལེགས་རྡོ་རྫེའི་རྒེད་འོག་ ནཱ་རྒྱ་ལུ་ཡོདཔ་ད་ རྒེད་འོག་དེ་ནང་ ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་༢,༣༤༥ ཡོདཔ་ཨིན་པས།
དེ་དང་འདྲཝ་སྦེ་ ལམ་གོང་རྒེད་འོག་ནང་ ཚོགས་རྒྱན་བཙུགས་མི་༡,༨༩༢ དང་ ལུགས་གཉིས་རྒེད་འོག་ནང་༡,༤༦༧ དེ་ལས་ རྡོབ་ཤར་རི་ལུ་༡,༥༧༤ ཡོདཔ་ཨིན་པས།
འདེམས་ངོ་མེད་པའི་ རྒེད་འོག་ཚུ་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༦,༩༣༠ ཡོད་མི་ཚུ་ བཙག་འཐུའི་སྐབས་ འདེམས་ངོ་༥ ལུ་ བགོ་བཀྲམ་འབད་དེ་འགྱོ་ནི་ཨིན་པས།
སྐྱེས་ལོ་༥༣ ལང་མི་ ལུགས་གཉིས་རྒེད་འོག་གི་འདེམས་ངོ་ ཚེ་དབང་ནོར་བུ་གིས་ སླབ་མིའི་ནང་ སྤྱིར་བཏང་ འདེམས་ངོ་ཚུ་ག་ར་ ལྕོགས་གྲུབ་ཅན་སྦེ་ཡོད་རུང་ ཁོང་གི་གྲས་ལས་ རྒན་ཤོས་དེ་ ང་འབད་ནི་དེ་གིས་ ལཱ་གི་ཉམས་མྱོང་ཡང་མང་སུ་ཡོདཔ་མ་ཚད་ མི་སེར་ཚུ་གིས་འབད་རུང་ བློ་གཏད་འོང་ཟེར་ཨིན་པས།
ཁོ་གིས་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་ནང་ ལོ་༢ དང་ དེ་གི་ཤུལ་ལས་ འབྲུག་གོང་འཕེལ་དངུལ་ཁང་ནང་ ལོ་ངོ་༢༥ འི་རིང་ ལཱ་འབད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཁོ་ར་ དངུལ་ཁང་ནང་ ལཱ་འབད་བའི་སྐབས་ལུ་ མི་སེར་ཚུ་དང་ འབྲེལ་བ་འཐབ་འཐབ་ས་ར་ སྡོད་དགོཔ་ལས་ མི་སེར་གྱི་དཀའ་ངལ་ཚུ་ ལེགས་ཤོམ་སྦེ་ ཧ་གོ་ཟེར་ཨིན་པས།
སྐྱེས་ལོ་༤༤ ལང་མི་ ལམ་གོང་རྒེད་འོག་གི་འདེམས་ངོ་ ཨོ་རྒྱན་ཚེ་རིང་གིས་ འབད་བ་ཅིན་ ཁོ་ལུ་ རྒྱབ་སྐྱོར་པ་ ལེ་ཤ་ཅིག་ར་ ཡོད་རུང་ སྤྱི་ལོ་༢༠༠༨ དང་ཕྱདཔ་ད་ ད་རེས་ནངས་པ་ མི་སེར་ཚུ་གིས་ བཙག་འཐུའི་སྐོར་ལས་ ལེགས་ཤོམ་སྦེ་ར་ ཧ་གོ་ཡོདཔ་ལས་ ལྷན་ཐབས་ག་དེ་སྦེ་བྱུང་འོང་ག་ སླབ་མི་ཤེས་པས་ཟེར་ཨིན་པས།
ཁོ་གིས་ སྤྱི་ལོ་༢༠༠༨ ཀྱི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ཡང་ བཅའ་མར་གཏོགས་ཡོདཔ་ལས་ ད་རེས་ བློ་བདེ་ཏོག་ཏོ་ཡོད་པའི་ ཚོར་སྣང་བྱུངམ་མ་ཚད་ རྒེད་འོག་ཚུ་ནང་ མི་ག་དང་གཅིག་ཁར་ཕྱད་དགོཔ་ཨིན་ན་ ཤེས་ནི་དེ་གིས་ ལཱ་འབད་ནི་ལུ་ འཇམ་ཏོག་ཏོ་འདུག་ཟེར་ཨིན་པས།
ཨོ་རྒྱན་ཚེ་རིང་གིས་ འདས་པའི་ལོ་༣ དེ་ཅིག་གི་རིང་ སྤ་རོ་རྫོང་ཁག་གི་ མི་སེར་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ཐོག་ལས་ ལཱ་ཚུ་འབད་ཡོད་མི་གིས་མ་ཚད་ ཁོ་གིས་ རྫོང་ཁག་གི་ མཐའ་ཟུར་ས་གནས་ བཙན་ཏོག་རྒེད་འོག་གི་ ནུབ་སི་དང་ གཡག་ས་ དེ་ལས་ ནཱ་རྒྱ་རྒེད་འོག་གི་ས་གནས་ གླིང་བཞི་ཚུ་ནང་ཡང་ འགྲོ་འགྲུལ་འབདཝ་ལས་ ཁོང་གི་ གནས་སྟངས་ཀྱི་སྐོར་ལས་ ལེགས་ཤོམ་སྦེ་ར་ ཧ་གོ་ཡི་ཟེར་ཨིན་པས།
ནཱ་རྒྱ་རྒེད་འོག་གི་འདེམས་ངོ་ སྐྱེས་ལོ་༢༥ ལང་མི་ ཀུན་ལེགས་རྡོ་རྗེ་གིས་ བསྐུལ་བསྒྲགས་སྐབས་ དུས་ཅི་ འདེམས་ངོ་ན་གཞོན་ཚུ་ལུ་ གོ་སྐབས་བྱིན་ནི་ཨིན་ཟེར་ སླབ་མི་ཡང་ཐོན་ཡོདཔ་ཨིན་རུང་ ལ་ལུ་ཅིག་གིས་ ང་བཅས་རའི་ལཱ་གཡོག་གི་ གོ་སྐབས་ལུ་བལྟ་སྟེ་ བཅའ་མར་གཏོགས་གཏོགསཔ་བཟུམ་སྦེ་ཡང་ སླབ་ནི་འདུག་ཟེར་ཨིན་པས།
ཁོ་གིས་ བློ་གསར་སློབ་རིམ་ལས་འགོ་བཙུགས་ སློབ་རིམ་༡༢ པ་ཚུན་ སྤ་རོ་ལུ་ དཔེ་ཆ་ལྷབ་ཡོདཔ་ད་ སློབ་གྲྭ་ལས་འགོ་བཙུགས་ མཐོ་རིམ་སློབ་གྲྭ་དང་ གོམས་འདྲིས་སློབ་སྦྱོང་གི་སྐབས་ཡང་ ཡོངས་དཔོན་གྱི་ འགན་ཁུར་འབག་སྟེ་ ལཱ་འབད་ཡོདཔ་ལས་ འགོ་ཁྲིད་པའི་ ལཱ་འབད་ནི་ལུ་ ཉམས་མྱོང་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༠༨ ལུ་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་སྦེ་ཐོན་མི་ སྐྱེས་ལོ་༤༩ ལང་མི་ ཝང་ལྕང་རྒེད་འོག་ལས་ ཀ་ཀ་ཚེ་རིང་གིས་ ཁོ་ར་ འདས་པའི་བཙག་འཐུ་སྐབས་ ཕམ་སོ་རུང་ མི་སེར་ཚུ་དང་ མཐུན་ལམ་ལེགས་ཤོམ་སྦེ་ བཞག་མི་ལུ་བརྟེན་ ད་རེས་ སྲིད་ཚོགས་ནང་ལས་ དགོངས་ཞུ་འབད་དེ་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ བཅའ་མར་གཏོགས་དགོ་མི་དེ་ཡང་ མི་སེར་གྱིས་ བློ་སྟོབས་བྱིན་མི་ལུ་བརྟེན༌ ཨིན་ཟེར་ཨིན་པས།
བསྐུལ་བསྒྲགས་ཀྱི་སྐབས་ལུ་ མི་ཚུ་ལས་ ངོས་ལེན་ལེགས་ཤོམ་བྱུང་ཡོདཔ་མ་ཚད་ ཁོ་ར་ འདས་པའི་བཙག་འཐུ་ནང་ བཅའ་མར་གཏོགས་མི་གིས་ ཁེ་ཕན་དུམ་གྲ་ཅིག་ བྱུང་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིན་པས།
ཨ་པ་དེ་ རྡོབ་ཤར་རི་ལས་དང་ ཨའི་དེ་ཤར་པ་རྒེད་འོག་ལས་ཨིན་མི་ བསོད་ནམས་དབང་ཕྱུག་གིས་ ཁོ་རའི་ཕམ་༢ རྒེད་འོག་སོ་སོ་ལས་ འབད་ནི་དེ་གིས་ ཚོགས་རྒྱན་གྱི་སྐབས་ ཁེ་ཕན་བྱུང་བའི་ རེ་བ་བསྐྱེད་དོ་ཡོདཔ་ད་ བསྐུལ་བསྒྲགས་ཀྱི་སྐབས་ལུ་ མི་སེར་ཚུ་གིས་ མནོ་ལུགས་མ་འདྲཝ་ཚུ་ གོ་ཡི་ཟེར་ཨིན་པས།
འདེམས་ངོ་ཚུ་གིས་ ད་རེས་ནངས་པ་ ཁྱིམ་སྒོ་བཤལ་ཏེ་ བསྐུལ་བསྒྲགས་འབད་བའི་བསྒང་ཡོདཔ་ད་ རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༡༦,༡༩༢ ཡོདཔ་ཨིན་པའི་གནས་ཚུལ།

                                                                                       ཉི་མ་དབང་འདུས།

No comments:

Post a Comment