![]() |
| བཙག་འཐུ་འགོ་དཔོན་གྱིས་ མཛུབ་རྗེས་འཕྲུལ་ཆས་ལག་ལེན་སྐོར་ལས་ གསལ་སྟོན་འབད་བའི་བསྒང་། |
༉ བསམ་རྩེ་རྫོང་ཁག་གི་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་གཉིས་ནང་ ཚོགས་རྒྱན་བཙུགས་མི་༣༤༤ གིས་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ ཚོགས་རྒྱན་སྐྱུར་མིའི་ ངོས་འཛིན་འདྲ་པར་འབག་འོང་ནི་ བརྗེད་སོང་རུང་ ཚ་གྱང་ལང་དགོཔ་ཅིག་མེདཔ་ཨིན་པས།
དེ་ཡང་ རྫོང་ཁག་གི་ བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལགཔ་གི་མཛུབ་རྗེས་བཏབ་མི་ འཕྲུལ་ཆས་དེ་ རྒེད་འོག་གཉིས་ཀྱི་ ཚོགས་རྒྱན་ས་ཁོངས་གཉིས་ནང་ ལག་ལེན་འཐབ་ནི་གི་དོན་ལུ་ ཧ་ལམ་གྲ་སྒྲིག་སོང་སྟེ་ཡོདཔ་བཞིན་དུ་ ཚོགས་རྒྱན་སྐྱུར་མི་༣༤༤ གི་ མཛུབ་རྗེས་ཚུ་ག་ར་ འཕྲུལ་ཆས་དེ་ནང་ ཚུད་དེ་ཡོད་ཟེར་ཨིན་པས།
ཚོགས་རྒྱན་གྱི་ཉིནམ་ལུ་ ཚོགས་རྒྱན་བཙུགས་མི་༣༤༤ གིས་ ངོས་འཛིན་འདྲ་པར་ འབག་མ་འོང་རུང་ འཕྲུལ་ཆས་དེ་ནང་ མཛུབ་མོ་ཨེབ་ཅིག་ ཁོང་རའི་སྐོར་ལས་ ཁ་གསལ་བྱིན་ནི་དེ་གིས་ ཚོགས་རྒྱན་བཙུགས་ཆོག་ནི་ཨིན་པས།
བཙག་འཐུ་འགོ་དཔོན་ ཨོྱན་འཕྲིན་ལས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ བདེ་བ་ཅན་དང་ བསམ་རྩེ་རྒེད་འོག་གཉིས་ནང་ འདི་བཟུམ་མའི་ ཞབས་ཏོག་བྱིན་མི་དེ་ཡང་ བརྡ་དོན་ཡོངས་འབྲེལ་འཆར་སྒོ་གི་ མཐུན་རྐྱེན་གཞི་བཙུགས་འབད་ནི་དེ་གིས་ཨིནམ་ད་ བསམ་རྩེ་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་༤༡,༥༩༦ ཡོདཔ་ཨིན་པས།
བཙག་འཐུ་འགོ་དཔོན་གྱིས་འབད་བ་ཅིན་ ཚོགས་རྒྱན་སྐྱུར་མི་༣༤༤ ཡོད་མི་ལས་ སིབ་སུ་རྒེད་འོག་གི་ ཚོགས་རྒྱན་བཙུགས་མི་༢༥༠ གི་ མཛུབ་རྗེས་དང་ བསམ་རྩེ་རྒེད་འོག་ལས་ མི་སེར་༩༤ གི་ མཛུབ་རྗེས་ཚུ་ འཕྲུལ་ཆས་དེ་ནང་ ཚུད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བསམ་རྩེ་རྒེད་འོག་ལས་ ཚོགས་རྒྱན་སྐྱུར་མི་ དག་པ་ཅིག་གི་ མཛུབ་རྗེས་ཚུ་ ལེན་ནི་གི་དོན་ལུ་ འབོ་ཡོད་རུང་ འོང་མ་བཏུབ་ལས་ ཚོགས་རྒྱན་ས་ཁོངས་༢ ནང་ལས་ མི་སེར་༢༥༠ དེ་ཅིག་གི་ མཛུབ་རྗེས་ཚུ་ ལེན་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
སིབ་སུ་རྒེད་འོག་ནང་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་༤ ཡོད་མི་ནང་ ཚོགས་རྒྱན་སྐྱུར་མི་༢,༢༧༧ ཡོདཔ་ད་ མི་སེར་ཚུ་གིས་ དུས་ཚོད་མང་ཤོས་ར་ ཞིང་ནང་ལཱ་འབད་དགོ་ནི་དེ་གིས་ མཛུབ་རྗེས་ཚུ་ ལེན་མི་ཚུགས་པས་ཟེར་ཨིན་པས།
བཅད་མཚམས་དང་ ཚོགས་རྒྱན་ཐོ་བཀོད་གཙོ་འཛིན་འོག་མ་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ འཕྲུལ་ཆས་དེ་ མོ་བཏབ་ཀྱི་དོན་ལུ་ཨིནམ་ལས་ རྫོང་ཁག་༢༠ གི་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་༣༠ དེ་ཅིག་ནང་ ལག་ལེན་འཐབ་འོང་ཟེར་ཨིན་པས།
བསོད་ནམས་སྟོབས་རྒྱས་ཀྱིས་ ཐབས་ཤེས་དེ་ གཙོ་བོ་ར་ ངོས་འཛིན་འདྲ་པར་ རྫུས་མ་ལག་ལེན་འཐབ་མི་ཚུ་ མར་ཕབ་འབད་ནི་དང་ ཚོགས་རྒྱན་གྱི་ ལམ་ལུགས་ཚུ་ མགྱོགས་དྲགས་འབད་ཚུགས་ནི་གི་དོན་ལུ་ཨིན་ཟེར་ བཤད་མི་དེ་ཡང་ དཔེ་འབད་བ་ཅིན་ མི་༢ ཉི་མ་དང་ཟླ་བ་སྦེ་ སྐྱེས་མི་ཨིན་པ་ཅིན་ མཐོང་སྣང་ཅོག་གཅིགཔ་མཐོང་ནི་ཨིན་རུང་ འཕྲུལ་ཆས་དེ་གིས་ མཛུབ་རྗེས་ཚུ་ སོ་སོར་སྦེ་ བཏོན་ཚུགས་ཟེར་ཨིན་པས།
འཕྲུལ་ཆས་ལག་ལེན་དེ་ མཐར་འཁྱོལ་ཅན་འགྱོ་བ་ཅིན་ ཤུལ་མའི་ བཙག་འཐུ་ནང་ ཚོགས་རྒྱན་བཙུགས་མི་ག་ར་གིས་ འཕྲུལ་ཆས་དེ་ནང་ མཛུབ་རྗེས་བཙུགས་བཅུག་ནི་ཟེར་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་ཨིན་པས།
བསམ་རྩེ་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་༦༩ ཡོདཔ་ཨིན་པའི་གནས་ཚུལ།

No comments:
Post a Comment