གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བི་ཨེམ་ཌབ་ལུ་གིས་ པེ་ནཱལ་ཊི་རྐྱབ་ཐོག་ལས་ རྒྱལ་ཁ་ཐོབ་ཡོདཔ།

༡༥/༤/༢༠༡༣   ༉ ཐིམ་ཕུ་ལྕང་གླིང་མི་ཐང་གི་ རྒྱལ་ཡོངས་ཕུཊ་བཱོལ་རྩེད་ཐང་ནང་སྦེ་ སྡེ་ཚན་ཁ་པའི་ མཐའ་བཅད་རྩེད་འགྲན་དེ་ ཁ་ཙ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ མུ་ཏིག་ཐང་དང་ བི་ཨེམ་ཌབ་ལུ་སྡེ་ཚན་༢ ཀྱི་བར་ན་རྩེད་འགྲན་འབདཝ་ད་ སྡེ་ཚན་༢ ཆ་ར་གིས་ གཱོལ་རེ་རེ་འདྲན་འདྲ་བཙུགས་མི་ལུ་བརྟེན་ པེ་ནཱལ་ཊི་རྐྱབ་ད་ བི་ཨེམ་ཌབ་ལུ་གིས་ གཱོལ་༤ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི།
རྒྱལ་ཁ་ཐོབ་མི་ བི་ཨེམ་ཌབ་ལུ་སྡེ་ཚན།


སྡེ་ཚན་༢ ཀྱིས་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༢༥ འི་ནང་ བི་ཨེམ་ཌབ་ལུ་སྡེ་ཚན་ལས་ ཟླ་བ་དོན་གྲུབ་ཀྱིས་ གཱོལ་དང་པམ་དེ་ བཙུགས་པའི་ཤུལ་ལུ་ དུས་ཡུན་སྐར་མ་༥༨ ལངམ་ད་ མུ་ཏིག་ཐང་ལས་ ཚེ་རིང་བསམ་གྲུབ་ཀྱིས་ གཱོལ་ཅིག་བཙུགས་ཏེ་ འདྲན་འདྲ་བཟོ་ཡི།
དེ་གི་ཤུལ་ལས་ མུ་ཏིག་ཐང་གི་རྩེད་འགྲན་འབད་མི་ཚུ་གིས་ ད་རུང་ གཱོལ་བཙུགས་ནིའི་དོན་ལུ་ དོ་འགྲན་སྦོམ་འབད་དེ་ རིག་རྩལ་དང་ ལྕོགས་གྲུབ་བཏོན་ཐོག་ལས་ རྩེད་འགྲན་འབད་ཡོད་རུང་ གཱོལ་བཙུགས་ནི་ལུ་ མཐར་འཁྱོལ་ བྱུང་མ་ཚུགསཔ་ལས་ སྡེ་ཚན་༢ ཀྱི་བར་ན་ པེ་ནཱལ་ཊི་རྐྱབ་དགོ་པའི་ དུམ་ཁ་ལུ་ ལྷོད་ཡོདཔ་ཨིན།
རྩེད་འགྲན་གྱི་དུས་ཡུན་ སྐར་མ་༩༠ ཚང་སྟེ་ པེ་ནཱལ་ཊི་རྐྱབ་པའི་སྐབས་ལུ་ བི་ཨེམ་ཌབ་ལུ་སྡེ་ཚན་ལས་ རྩེད་འགྲན་འབད་མི་༣ གྱིས་ པེ་ནཱལ་ཊི་ནང་ གཱོལ་༣ བཙུགས་པའི་སྐབས་ མུ་ཏིག་ཐང་སྡེ་ཚན་གྱིས་ གཱོལ་༡ ལས་བརྒལ་ བཙུགས་མ་ཚུགསཔ་ད་ བི་ཨེམ་ཌབ་ལུ་གིས་ མི་གྲངས་༥ ཡོད་པའི་གྲས་ལས་༤ གིས་ གཱོལ་རེ་རེ་བཙུགས་པའི་སྐབས་ མུ་ཏིག་ཐང་གིས་ གཱོལ་༢ ལས་བརྒལ་ བཙུགས་མ་ཚུགསཔ་ལས་ སྡེ་ཚན་ཁ་པའི་ ཕུཊ་བཱོལ་རྩེད་འགྲན་དྲག་ཤོས་ཀྱི་ མིང་གཏམ་དེ་ བི་ཨེམ་ཌབ་ལུ་གིས་ ཐོབ་ཅི།
རྩེད་འགྲན་གྱི་ལས་རིམ་ མཇུག་བསྡུཝ་དང་འབྲེལ་ འབྲུག་ཕུཊ་བཱོལ་ཚོགས་སྡེའི་ཁ་ཐུག་ལས་ སྤྱི་ལོ་༢༠༡༣ གྱི་སྡེ་ཚན་ཁ་པའི་ ཨང་དང་པ་ཐོན་མི་ བི་ཨེམ་ཌབ་ལུ་སྡེ་ཚན་ལུ་ དངུལ་རྐྱང་གི་གསོལ་རས་དངུལ་ཀྲམ་༣༠,༠༠༠ དང་ ཨང་༢ པ་ཐོན་མི་ མུ་ཏིག་ཐང་སྡེ་ཚན་ལུ་ དངུལ་ཀྲམ་༢༠,༠༠༠ དེ་ལས་ རྩེད་འགྲན་པ་ཚུ་ལུ་ ངོ་རྐྱང་གི་རྟགས་མ་ཚུ་ བྱིན་ཡོདཔ་ཨིན་པས།
ད་རེས་ སྡེ་ཚན་ཁ་པའི་གྲས་ལས་ དྲག་ཤོས་ཐོན་ཏེ་ མཐའ་བཅད་འགྲན་བསྡུར་རྩེད་འགྲན་འབད་མི་སྡེ་ཚན་གཉིས་ཀྱིས་ ཐིམ་ཕུ་ སྡེ་ཚན་ཀ་པའི་ཕུཊ་བཱོལ་རྩེད་འགྲན་ནང་ བཅའ་མར་གཏོགས་ནིའི་གོ་སྐབས་ ཐོབ་ཡོདཔ་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་སྡེ་གིས་ སྤྱི་ཟླ་༣ པའི་ཚེས་༢༦ ལུ་ སྡེ་ཚན་ ཁ་པའི་ཕུཊ་བཱོལ་རྩེད་འགྲན་འབད་ནི་ འགོ་བཙུགས་ཡོདཔ་ད་ རྩེད་འགྲན་ནང་ སྡེ་ཚན་༡༡ གིས་ བཅའ་མར་གཏོགས་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment