གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ཕུན་སུམ་ཚོགས་པའི་ཉོགས་བཤད།

༡༥/༦/༢༠༡༣  ༉ བཀྲིས་སྒང་གི་ འབྲུག་ཕུན་སུམ་ཚོགས་པའི་ཡིག་ཚང་གིས་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་སྤྱིར་དབང་ཚོགས་པའི་ བཀང་ལུང་དང་ ཨུ་མཛོ་རོང་རྒེད་འོག་གི་ འགོ་འདྲེན་པ་ཚུ་ལུ་ ཉེས་འཛུགས་འབད་བའི་ ཉོགས་བཤད་ཡི་གུ་ཅིག་ ཁ་ཙ་ བཀྲིས་སྒང་གི་ ངོས་ལེན་འགོ་དཔོན་ལུ་ བཙུགས་ཡོདཔ་ཨིན་པས།


སྲིད་ཚོགས་དེ་གཉིས་ཀྱི་ མཉམ་འབྲེལ་བ་དང་ རྒྱབ་སྐྱོར་པ་ཚུ་གིས་ ཨུ་མཛོ་རོང་རྒེད་འོག་ནང་ ཞལ་འཛོམས་ཚུ་ འགོ་འདྲེན་འཐབ་ཡོདཔ་མ་ཚད་ མི་སེར་དམངས་གཙོ་ཚོགས་པའི་ བརྡ་དོན་ཤོག་དེབ་ཚུ་ བཀྲམ་ཡོད་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
དེ་དང་གཅིག་ཁར་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་སྤྱིར་དབང་ཚོགས་པའི་ རྒེད་འོག་འགོ་འདྲེན་པ་དང་ རྒྱབ་སྐྱོར་པ་ཚུ་གིས་ སྤྱི་ཟླ་༦ པའི་ཚེས་༡༣ ལུ་ ངོས་ལེན་འགོ་དཔོན་ལས་ གནང་བ་མེད་པར་ མི་སེར་དམངས་གཙོ་ཚོགས་པའི་ བཀང་ལུང་-བསམ་མཁར་འདེམས་ཁོངས་ཀྱི་འདེམས་ངོ་ ནོར་བུ་དབང་ཕྱུག་གི་དོན་ལུ་ བསྐུལ་བསྒྲགས་འབད་ཡོད་པའི་ ཉོགས་བཤད་ཡི་གུ་ཅིག་ཡང་ བཙུགས་ཡོདཔ་ཨིན་པས།
ཉོགས་བཤད་ཡི་གུ་དང་འཁྲིལཝ་ད་ ནོར་བུ་དབང་ཕྱུག་གིས་ བེན་ཤིང་མོ་གཡུས་ཚན་རྐྱངམ་གཅིག་ནང་ ཞལ་འཛོམས་འགོ་འདྲེན་འཐབ་ནིའི་དོན་ལུ་ གནང་བ་ལེན་ཡོདཔ་ཨིན་རུང་ གཞན་ཡང་ གཡུས་ཚན་དག་པ་ཅིག་ནང་ར་ ཞལ་འཛོམས་འགོ་འདྲེན་འཐབ་ཡོདཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
ནོར་བུ་དབང་ཕྱུག་གིས་ སྤྱི་ཟླ་༦ པའི་ཚེས་༡༣ ལུ་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་སྤྱིར་དབང་ཚོགས་པའི་ འགོ་འདྲེན་པ་དང་ རྒྱབ་སྐྱོར་པ་ཚུ་དང་གཅིག་ཁར་ བཱེ་པམ་དང་ མཱན་མཁར་ ཌོཐ་ཕུག་ དེ་ལས་ ཨུ་མཛོ་རོང་ཚུ་ནང་ འཛོམས་འདུ་འགོ་འདྲེན་འཐབ་ཡོད་པའི་ ཉེས་འཛུགས་བཀོདཔ་ཨིན་པས།
འཛོམས་འདུ་ཚུ་ཡང་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་སྤྱིར་དབང་ཚོགས་པའི་ འགོ་འདྲེན་པ་ཚུ་གིས་སྦེ་ འགོ་འདྲེན་འཐབ་ཡོད་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
ཉོགས་བཤད་ཡི་གུ་ནང་ བཀང་ལུང་དང་ ཨུ་མཛོ་རོང་གི་ འབྲུག་མཉམ་རུབ་ཚོགས་པའི་ རྒྱབ་སྐྱོར་པ་༥ དེ་ཅིག་གི་མིང་ཚུ་ བཀོད་དེ་ཡོདཔ་ཨིན་རུང་ ཌོཐ་ཕུ་ལུ་ ཞལ་འཛོམས་འགོ་འདྲེན་འཐབ་མིའི་ནང་ འབྲེལ་གཏོགས་ཡོདཔ་སྦེ་ ཉེས་འཛུགས་ཕོག་མི་ འབྲུག་མཉམ་རུབ་ཚོགས་པའི་ རྒྱབ་སྐྱོར་པ་དེ་གིས་ ཁ་བཟེད་མ་བཏུབ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ རྒྱབ་སྐྱོར་པ་དེ་གིས་ སླབ་མིའི་ནང་ མ་གཞི་ཁོ་གིས་ ནོར་བུ་དབང་ཕྱུག་གི་ འཛོམས་འདུ་ནང་ བཅའ་མར་གཏོགས་ཡོདཔ་ཨིན་རུང་ འགོ་འདྲེན་འཐབ་མི་ ཁོ་མེན་ཟེར་ཨིན་པས།
ཁོ་རའི་ཚོགས་པ་དེ་ ཕམ་པའི་ཤུལ་ལུ་ གཞན་མི་སྲིད་ཚོགས་ཚུ་དང་ མཉམ་འབྲེལ་འབད་འབདཝ་ མེད་ཟེར་ཨིན་པས།
འབྲུག་མཉབ་རུབ་ཚོགས་པའི་ ཨུ་མཛོ་རོང་རྒེད་འོག་གི་ འགོ་འདྲེན་པ་ཅིག་གིས་ཡང་ ལཱ་བྱ་དེ་ལུ་ ཁ་བཟེད་མ་བཏུབ་དང་ ཁོ་གིས་ཡང་ འཛོམས་འདུ་ནང་ བཅའ་མར་གཏོགས་ཡོདཔ་ཨིན་རུང་ འགོ་འདྲེན་འཐབ་མིའི་ནང་ འབྲེལ་གཏོགས་མེད་ཟེར་ སླབ་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ བཀང་ལུང་གི་ འབྲུག་མཉམ་རུབ་ཚོགས་པའི་ འགོ་འདྲེན་པ་གིས་ ནོར་བུ་དབང་ཕྱུག་གི་དོན་ལུ་ མི་སེར་དམངས་གཙོ་ཚོགས་པའི་ བརྡ་དོན་ཤོག་དེབ་ཚུ་ ཡོན་ཕུག་པམ་གྱི་ མི་ཚུ་ལུ་ བགོ་བཀྲམ་འབད་ཡོད་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
དེ་མ་ཚད་ ཁོ་གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འཚོལ་ཐོག་ལས་ ནོར་བུ་དབང་ཕྱུག་གི་ ཤོག་བྱང་ཚུ་ ཁྱིམ་གྱི་སྒོ་བཤལ་ཏེ་ བཀྲམ་ཡོད་པའི་ ཉེས་འཛུགས་ཡང་ འབད་ཡོདཔ་ཨིན་པས།
ནོར་བུ་དབང་ཕྱུག་གིས་འབད་བ་ཅིན་ མ་གཞི་ འཛོམས་འདུ་ཚུ་ ཨུ་མཛོ་རོང་གི་ས་གནས་ ག་ཏེ་ར་ འགོ་འདྲེན་འཐབ་ནི་ཨིན་ན་ སླབ་སླབ་མེད་རུང་ ངོས་ལེན་འགོ་དཔོན་ལས་ འཛོམས་འདུ་འགོ་འདྲེན་འཐབ་ནི་ལུ་ ཁ་ཐོག་གནང་བ་ ལེན་ཡི་ཟེར་ཨིན་པས།
དེ་འབདཝ་ད་ ཁོ་གིས་ ཁོ་རའི་ཧེ་མའི་སྲིད་ཚོགས་ཀྱི་ རྒྱབ་སྐྱོར་པ་ཚུ་དང་གཅིག་ཁར་ ཕྱད་ཡོདཔ་ད་ དེ་སྦེ་ ཁོང་དང་ཕྱད་ནི་དེ་ ཁྲིམས་འགལ་ཨིན་མེན་ མི་ཤེས་ཟེར་ཨིན་པའི་གནས་ཚུལ།
 

No comments:

Post a Comment