གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སེར་དམངས་གཙོ་ཚོགས་པའི་ཉོགས་བཤད།

༡༥/༦/༢༠༡༣   ༉ བཀྲིས་སྒང་ལུ་ འབྲུག་ཕུན་སུམ་ཚོགས་པའི་ བཀང་ལུང་-བསམ་མཁར་གྱི་ འདེམས་ངོ་དང་ རྒྱབ་སྐྱོར་པ་ཚུ་གིས་ འགོ་ཐོག་བཙག་འཐུའི་ཧེ་མར་དང་ སྤྱིར་བཏང་བཙག་འཐུའི་སྐབས་ ཚོགས་རྒྱན་སྐྱུར་མི་ཚུ་གི་ སེམས་ལྷུ་ཐབས་ལུ་ སྒེར་གྱི་རྒྱུ་དངོས་ཚུ་ ལག་ལེན་འཐབ་པའི་ ཁ་ཉེས་དང་བཅས་ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པའི་ རྫོང་ཁག་འགོ་འདྲེན་པ་གིས་ བཙག་འཐུ་འགོ་དཔོན་ལུ་ ཉོགས་བཤད་ཡི་གུ་བཙུགས་ཡོདཔ་ཨིན་པས།


ཉོགས་བཤད་ཡི་གུའི་ནང་ བཙག་འཐུ་ལྷན་ཚོགས་ཀྱིས་ དེ་འཕྲོ་ལས་ གནད་དོན་དེ་ལུ་ ཞིབ་དཔྱད་རྐྱབ་སྟེ་ འབྲུག་ཕུན་སུམ་ཚོགས་པའི་ རྒྱུ་དངུལ་ཡོད་མི་ རྒྱབ་སྐྱོར་པ་ཚུ་གིས་ ཚོགས་རྒྱན་སྐྱུར་མི་ཚུ་ལས་ རྒྱབ་སྐྱོར་ལེན་ནིའི་དོན་ལུ་ སྒེར་གྱི་རྒྱུ་དངོས་ཚུ་ ལག་ལེན་འཐབ་ནི་ལས་ བཀག་ཆ་འབད་དགོཔ་སྦེ་བཀོད་ནུག།
མི་སེར་དམངས་གཙོའི་ཚོགས་པ་གིས་ ཁ་ཉེས་བཀལ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པ་་ མཉམ་འབྲེལ་གཞི་བཙུགས་འབད་མི་  གྲུབ་ཐོབ་ཀྱིས་ འདེམས་ངོ་འཕྲིན་ལས་དཔལ་ལྡན་རྡོ་རྗེ་དང་གཅིག་ཁར་ སྦིས་མཁར་ལུ་ བསྐུལ་བསྒྲགས་འབད་བའི་སྐབས་ལུ་  སྒེར་གྱི་རྒྱུ་དངོས་ལག་ལེན་འཐབ་ཐོག་ལས་ ཚུལ་དང་མ་མཐུན་པའི་ ཁས་བླངས་ཚུ་འབད་ནུག་ཟེར་ཨིན་པས།
གྲུབ་ཐོབ་ཀྱིས་ སྤྱི་ཟླ་༥ པའི་ཟླ་མཇུག་ཁམས་ཅིག་ཁར་ ཡེ་ནང་བ་རང་ས་ལུ་ འཕྲིན་ལས་དཔལ་ལྡན་རྡོ་རྗེའི་ ཆ་རོགས་སྦེ་ འགྱོ་བའི་སྐབས་ སྦིས་མཁར་གྱི་ སྒྲུབ་སྡེ་ལུ་ ཆུ་མཛོད་བེ་རེལ་ཧོད་༨ བྱིན་ནི་གི་ ཁས་ལེན་འབད་ནུག་ཟེར་ཨིནམ་ད་ ཧོད་དེ་ཚུ་ ལྷ་ཁང་ནང་ སྤྱི་ཟླ་༥ པའི་ཚེས་༣༠ ལུ་ ལྷོད་ཡོད་རུང་ གནད་དོན་དེ་གི་སྐོར་ ཉོགས་བཤད་བཀོད་ནི་གི་ ལོ་རྒྱུས་གོ་བའི་ཤུལ་ལས་ འཐུ་བཞག་ཡོདཔ་སྦེ་ ཉོགས་བཤད་ཡི་གུ་ནང་བཀོད་ནུག།
དེ་མ་ཚད་ གྲུབ་ཐོབ་ཀྱིས་ སྒྲུབ་སྡེ་ལུ་ ཆུ་དུང་བྱིན་ནིདང་ སྦིས་མཁར་གྱི་ ལྷ་ཁང་གཞན་ཅིག་ནང་ ལྕགས་ཤོག་ཚུ་ བྱིན་ནི་གི་ ཁས་ལེན་འབད་ནུག་ཟེར་ཨིན་པས།
ད་རུང་ འགོ་ཐོག་བཙག་འཐུ་ མཇུག་བསྡུ་ཞིནམ་ལས་ འདེམས་ངོ་གིས་ གླིང་མཁར་སྐྱིད་གནས་ནང་ མི་མང་རབས་ཅིག་ སྐྱེལ་འདྲེན་འབད་ཐོག་ལས་ རྒྱལ་ཁའི་སྤྲོ་སྟོན་འབད་མི་དེ་གིས་ སྤྱིར་བཏང་བཙག་འཐུའི་དོན་ལུ་ ཚོགས་རྒྱན་སྐྱུར་མི་ཚུ་གི་ སེམས་གྱུར་གྱུརཝ་འོང་ཟེར་ མི་སེར་དམངས་གཙོ་ཚོགས་པ་གིས་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
དེ་བསྒང་ ཚོགས་པའི་འཐུས་མི་ མང་རབས་ཅིག་ ཐོ་བཀོད་འབད་ཡོདཔ་མ་ཚད་ ་འཛུལ་འཐུས་ཚུ་ཡང་ ཚོགས་པའི་འདེམས་ངོ་གིས་ སྤྲོད་ནུག་ཟེར་ ཁ་ཉེས་བཀལ་ཡོདཔ་ད་ འདེམས་ངོ་འཕྲིན་ལས་དཔལ་ལྡན་རྡེ་རྗེ་གིས་ སླབ་མིའི་ནང་ སྒྲུབ་སྡེ་ལུ་ ཆུ་མཛོད་ཀྱི་ ཧོད་བྱིན་ནུག་ཟེར་ཁོ་ལུ་ ཁ་ཉེས་བཀལ་བའི་སྐོར་ མི་སྡེའི་བརྡ་དོན་ཡོངས་འབྲེལ་ནང་ བཀོད་མི་ལས་རྐྱངམ་གཅིག་ ཧ་གོ་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོ་གིས་ འཐུས་མི་ཚུ་ལུ་ ཐོ་བཀོད་ཀྱི་ འཛུལ་འཐུས་སྤྲོད་ནུག་ཟེར་མི་དེ་ཡང་ མི་བདེན་ཟེར་ཨིནམ་ད གལ་སྲིད་ དོགས་པ་ཡོད་པ་ཅིན་ འཐུས་མི་ག་ར་ལུ་ དྲི་བཀོད་འབད་བ་ཅིན་ ཧ་གོ་ཚུགསཔ་ཟེར་ཨིན་པས།
དེ་ལས་ གླིང་ཁ་སྐྱིད་གནས་ལུ་ འགོ་ཐོག་བཙག་འཐུའི་ རྒྱལ་ཁ་བརྩི་སྲུང་འབད་ནུག་ཟེར་ ཁ་ཉེས་བཀལ་མི་ཡང་ བདེན་པ་མེད་ཟེར་ཨིནམ་ད་ དེ་བསྒང་ རོང་ཐུང་ལུ་ ཚོགས་པའི་མཉམ་འབྲེལ་བ་དང་ རྒྱབ་སྐྱོར་པ་ཚུ་གི་ ཞལ་འཛོམས་ཅིག་ འཚོགས་ཡོད་མི་དེ་ཡང་ ངོས་ལེན་འགོ་དཔོན་ལས་ གནང་བ་ཞུ་སྟེ་འབད་ཡི་ཟེར་ སླབ་ཨིན་པས།
ད་རུང་ ནང་སྲིད་བློན་པོ་བགྲེསཔ་གིས་ མདའ་རྩེད་འགོ་འདྲེན་འཐབ་ནི་དེ་ཡང་ བཙག་འཐུ་ལྷན་ཚོགས་ཀྱིས་ བཀག་ཆ་འབད་དགོ་པའི་ ཉོགས་བཤད་བཀོད་ནུག།
བཙག་འཐུ་ངོས་ལེན་འགོ་དཔོན་ དབང་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ མི་སེར་དམངས་གཙའི་ཚོགས་པའི་ཉོགས་བཤད་དེ་ རྫོང་ཁག་བཙག་འཐུ་རྩོད་ཉོགས་སེལ་ཐབས་ཚོགས་ཆུང་ལུ་ ཞིབ་དཔྱད་ཀྱི་དོན་ལས་ ཕུལ་འོང་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment