གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁས་བླངས་ཚུ་ལུ་ བརྙས་བཅོས་འབདཝ་ཨིན་རུང་ འགྲུབ་ཚུགསཔ་འབད་ནི།

༡༥/༦/༢༠༡༣   ༉ ཁ་ཙ་ མི་སེར་དམངས་གཙོའི་ཚོགས་པ་གིས་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ མ་ཆེན་སྐུ་མདུན་ལས་ སྐྱབས་འཇུག་ཞུ་ཐོག་ལས་ སྤྱིར་བཏང་བཙག་འཐུའི་ བསྐུལ་བསྒྲགས་འགོ་བཙུགསཔ་ད་ གནམ་གྲུ་ཧེ་ལི་ཀོབ་ཊར་ཅིག་ འཕུར་འགྱོ་མི་དང་ ཁ་ཐུག་རྐྱབ་ལས་ ཁུ་རུ་ཐང་ཨྱོན་རིག་པའི་འབྱུང་གནས་སློབ་གྲྭའི་ སྤྱི་དོན་ཁང་ནང་ སྤུངས་འཛོམས་འབད་མི་ མི་སེར་ཚུ་ དགོད་བྲཝ་མ་ཚད་ ཧ་ལས་ནུག།
མི་སེར་དམངས་གཙོ་ཚོགས་པ་གིས་ ཁུ་རུ་ཐང་ལུ་ བསྐུལ་བསྒྲགས་འབད་བའི་བསྒང་།


དེ་ཡང་ དྲོ་པའི་ཆུ་ཚོད་༡༠.༤༥ དེ་ཅིག་ཁར་ ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ མི་སེར་༣༠༠ ལྷགཔ་ཅིག་ འཛོམས་མི་ཚུ་ལུ་ གལ་སྲིད་ མི་སེར་དམངས་གཙོའི་ཚོགས་པ་དེ་ གཞུང་སྐྱོང་ཚོགས་པ་སྦེ་ བཙག་འཐུ་འགྲུབ་པ་ཅིན་ གནམ་གྲུ་ཧེ་ལི་ཀོབ་ཊར་ཉོ་ནི་དང་ ཁོང་གི་ ཁས་བླངས་ཚུ་ ངེས་བདེན་ཨིན་པའི་སྐོར་ གསལ་བཤད་འབདཝ་ད་ ཧེ་ལི་ཀོབ་ཊར་ཅིག་ འཕུར་འགྱོ་བའི་སྐད་གོཝ་ད་ མི་ག་ར་དགའ་ཡོདཔ་ད་ དེ་སྦེ་ འཕུར་འགྱོ་མི་དེ་ ང་བཅས་ཀྱི་ ཁས་བླངས་འགྲུབ་ཚུགས་པའི་ རྟགས་དང་རྟེན་འབྲེལ་ལེགས་ཤོམ་ཨིན་ཟེར་ ཚེ་རིང་སྟོབས་རྒྱས་ཀྱིས་ མི་སེར་དང་འདྲན་འདྲ་སྦེ་ར་ དགའ་ཐོག་ལས་སླབ་ནུག།
སྲིད་ཚོགས་གཞན་གྱིས་ ང་བཅས་ཀྱི་ ཁས་བླངས་ཚུ་ལུ་ བརྙས་བཅོས་ག་དེ་སྦེ་ འབདཝ་ཨིན་ན་ གོ་རྟོགས་བྱུང་ཡོད་རུང་ ངེ་གི་ ཁ་ཐུག་ལས་འབད་བ་ཅིན་ ང་བཅས་རའི་ ཁས་བླངས་ཚུ་ གོ་སྐབས་བྱིན་པ་ཅིན་ འགྲུབ་ཚུགས་ཟེར་ གཙོ་འཛིན་གྱིས་ བཤདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ ལྟ་བ་འདི་ འདྲ་མཉམ་དང་ དྲང་བདེན་འབག་འོང་ནི་དེ་ཨིན་རུང་ ཁོང་གིས་འབད་མ་ཚུགས་མི་དེ་ མི་སེར་གྱིས་ཤེས་ཟེར་ ཚེ་རིང་སྟོབས་རྒྱས་ཀྱིས་ བཤད་པའི་ཁར་ ཁོང་གིས་ གྲོང་གཡུས་མི་སེར་ཚུ་ལུ་ ཞིང་རྨོ་འཕྲུལ་པ་ཝར་ཊེ་ལར་དང་ པ་ཝར་ཅེན་ ལྕགས་ཐག་སོག་ལེ་ཚུ་ མཁོ་སྤྲོད་འབད་ནི་ཕར་བཞག་ ལོ་༥ གི་ཧེ་མར་ ཁས་བླངས་ལེ་ཤ་འབད་མི་ཚུ་ རྒྱུ་རྐྱེན་ལེ་ཤ་བཀོད་ཐོག་ལས་ རྒྱབ་བཤུད་རྐྱབ་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འགོ་ཐོག་བཙག་འཐུའི་སྐབས་ རྒྱལ་ཁབ་ནང་འཁོད་ཀྱི་ མི་སེར་བརྒྱ་ཆ་༣༣ དེ་ཅིག་གིས་ རྒྱབ་སྐྱོར་འབད་ཡོདཔ་བཞིན་དུ་ སྤྱིར་བཏང་བཙག་འཐུ་ནང་ཡང་ མི་སེར་མངམ་གིས་ རྒྱབ་སྐྱོར་གནང་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིནམ་ད་ མི་སེར་གྱིས་ ང་བཅས་ལུ་ རྒྱབ་སྐྱོར་གནང་པ་ཅིན་ ང་བཅས་རའི་ ཁས་བླངས་ཚུ་ འགྲུབ་ཚུགས་ནི་ཨིནམ་ལས་ རྟ་གིས་ དད་དམ་གྱི་སྒོ་ལས་ ཁུར་ཆ་འབག་འོང་ཟེར་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་ནུག།
ད་རིས་འབདཝ་ད་ མི་སེར་དམངས་གཙོའི་ཚོགས་པ་དེ་ ཧེ་མ་བཟུམ་སྦེ་མིན་པར་ འབྲུག་མཉམ་རུབ་ཚོགས་པ་ལས་ འདེམས་ངོ་༧ དང་ འབྲུག་སྤྱིར་དབང་ཚོགས་པ་ལས་ འདེམས་ངོ་༡ ཚོགས་པའི་ནང་ འཛུལ་ཡོདཔ་ལས་ སྒྲིང་སྒྲིང་སོང་ཡོད་ཟེར་ཨིན་པས།
སྲིད་ཚོགས་གཞན་གྱིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ འབྲུག་མཉམ་རུབ་ཚོགས་པ་དང་ མཉམ་བསྡོམས་འབད་ཡོད་པའི་སྐོར་ ཁ་ཉེས་བཀལ་མི་དེ་ མི་བདེན་ཟེར་ གཙོ་འཛིན་གྱིས་ བཤད་པའི་ཁར་ མ་བདེན་མི་དེ་ཡང་ ཕུན་སུམ་ཚོགས་པ་གིས་ འབྲུག་མཉམ་རུབ་ཚོགས་པ་ལས་ འདེམས་ངོ་༣ དགོ་འདོད་བཀོད་ཡོད་རུང་ ཕུད་རྡོག་གཅིག་ཡང་ ཐོབ་མ་ཚུགས་པས་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་དང་ འབྲུག་མཉམ་རུབ་ཚོགས་པ་ འབྲུག་སྤྱིར་དབང་ཚོགས་པ་༣ ཆ་རའི་ དམིགས་ཡུལ་དང་ ཁས་བླངས་ཚུ་ ཆ་འདྲཝ་སྦེ་ཡོད་མི་ལུ་བརྟེན་ སྤྱིར་དབང་ཚོགས་པ་དང་ མཉམ་རུབ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ ད་རིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་བའི་ ལོ་རྒྱུས་གོ་ཡི་ཟེར་ གཙོ་འཛིན་གྱིས་ བཤད་ཡོདཔ་ཨིན་པས།
ང་བཅས་ལུ་ དགོཔ་འདི་ར་ གནས་ཡུན་གཅིག་ཨིནམ་ལས་ སྲིད་ཚོགས་གཞན་དང་ མ་འདྲ་མི་དེ་ཡང་ སྲིད་ཚོགས་ཀྱི་ འདེམས་ངོ་ཚུ་ སྐྱེས་ལོ་༦༠ རེ་གྲངས་ནང་ཨིནམ་མ་ཚད་ བློན་པོ་སྦེ་ ལོ་༢༠ ལྷགཔ་ཅིག་ ཕྱག་ཞུ་ཡོད་རུང་ ད་རུང་ དབང་ཚད་གུ་ར་ སྡོད་ནི་གི་ རེ་བ་བསྐྱེད་དོ་ཡོདཔ་ལས་ འདེམས་ངོ་ལ་ལུ་ཅིག་གིས་ སྲིད་དོན་གྱི་ དབང་ཚད་བཟུང་ནི་དེ་ ཕ་བརྒྱུད་བུ་བརྒྱུད་སྦེ་ དང་ལེན་འབད་དོ་བཟུམ་ མཐོང་སྣང་བྱུངམ་མས་ཟེར་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་ནུག།
ད་རུང་ གཙོ་འཛིན་གྱིས་ མི་སེར་ཚུ་ལུ་ ཧེ་མའི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཚེ་རིང་དཔལ་འབྱོར་དང་ རྣམ་རྒྱལ་དབང་ཕྱུག་༢ ཀྱི་ འདེམས་ངོ་ཚབ་བཙུགས་དགོ་པའི་ གནད་དོན་ག་ཅི་ཨིན་ན་ཟེར་ དྲི་བཀོད་འབད་བའི་ཁར་ ཧེ་མར་ འདེམས་ངོ་༢ ལུ་ མི་སེར་ཚུ་ལས་ རྒྱབ་སྐྱོར་ཡོད་རུང་ ཁོང་གིས་ སྲིད་དོན་ནང་ལས་ ག་ཅི་སྦེ་ བཏོན་བཏངམ་ཨིན་ན་ཟེར་ དྲི་བ་བཀོད་ནུག།
ཚེ་རིང་སྟོབས་རྒྱས་ཀྱིས་ ཚོགས་པའི་ལྟ་བ་ དབང་ཚད་ཕྱིར་སྤེལ་སྐོར་ལས་ གསལ་བཤད་འབད་ཡོདཔ་བཞིན་དུ་ རྒེད་འོག་ལྟེ་བ་གོང་འཕེལ་གཏང་ནིའི་དོན་ལུ་ འདེམས་ཁོངས་གོང་འཕེལ་མ་དངུལ་མཚམས་འཇོག་ཐོག་ རྒེད་འོག་རེ་ལུ་ མ་དངུལ་ས་ཡ་༢ རེ་ བྱིན་ནི་ཟེར་ གསལ་བཤད་འབད་ནུག།
ཚོགས་པའི་གཙོ་འཛིན་གྱིས་ སྤུ་ན་ཁའི་ མི་སེར་དང་ ཞལ་འཛོམས་འཚོགས་ཞིནམ་ལས་ དབང་འདུས་ཕོ་བྲང་བ་འཇོ་ཐང་འབྲིང་རིམ་སློབ་གྲྭ་གོང་མའི་ སྤྱི་དོན་ཁང་ནང་ མི་སེར་༣༠༠ དེ་ཅིག་ འཛོམས་མི་ཚུ་དང་ ཕྱད་པའི་ཤུལ་ལུ་ སྤ་རོ་ལུ་ སོང་ཡོད་པའི་གནས་ཚུལ། 

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment